ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་ཡ་ཏི་རུ་འབྱོར་ཏེ་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ལི་ཡ་ཏི་ཧ་ལི་ཏེ་རྒྱལ་པོའི་གནམ་གྲུ་ཐང་དུ་འབྱོར་རྗེས་སོ་ཏི་ཨ་རབ་ལི་ཡ་ཏི་ཞིང་ཆེན་གྱི་ཧྲིན་ཀྲང་ཧྥེ་ས་ཨར་ཆིན་ཝང་དང་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ཆིན་ཝང་། ཀྲུང་གོའི་ལས་དོན་བློན་ཆེན་ལུའུ་མེ་ཡན་སོགས་རྒྱལ་རྒྱུད་ཀྱི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུ་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ12པའི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ལི་ཡ་ཏི་རུ་འབྱོར་ཞིང་། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་པོ་ས་ལེ་མན་གྱི་གདན་ཞུས་ལྟར་ཀྲུང་གོ-ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་དང་ཀྲུང་གོ-མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཚོགས་ལ་ཞུགས་རྒྱུ་མ་ཟད་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་སུ་སླེབས་མ་ཐག་སོ་ཏི་ཨ་རབ་མཁའ་དམག་གི་དམག་འཐབ་གནམ་གྲུ་4མཁའ་དབྱིངས་ནས་མཁའ་འགྲུལ་སྲུང་སྐྱེལ་གནང་བ་དང་། ཆེད་གཏོང་གནམ་གྲུ་ལི་ཡ་ཏི་མཁའ་དབྱིངས་སུ་སླེབས་རྗེས“སོ་ཏི་གླག་རྒོད”རྟགས་ཅན་གྱི་སྐུ་མགྲོན་སྲུང་སྐྱོང་གནམ་གྲུ6མཉམ་དུ་འཕུར་རོགས་གནང་། 

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ལི་ཡ་ཏི་ཧ་ལི་ཏེ་རྒྱལ་པོའི་གནམ་གྲུ་ཐང་དུ་འབྱོར་རྗེས་སོ་ཏི་ཨ་རབ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་གཟབ་རྒྱས་ཞུས་ཤིང་། གནམ་གྲུ་ཐང་དུ་རྟེན་འབྲེལ་གྱི་མེ་སྒྱོགས21བཏང་ཞིང་སྐུ་མགྲོན་སྲུང་སྐྱོང་གནམ་གྲུ་མཁའ་དབྱིངས་ནས་ཀྲུང་གོའི་རྒྱལ་དར་མཚོན་པའི་དམར་སེར་གཉིས་ཀྱི་ཚོན་དར་འཐེན་པ་རེད། གུས་དམག་རྣམས་ས་གདན་སྨུག་པོའི་གཞོགས་གཉིས་སུ་འགྲེང་ཞིང་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བར་བྱས། སོ་ཏི་ཨ་རབ་ལི་ཡ་ཏི་ཞིང་ཆེན་གྱི་ཧྲིན་ཀྲང་ཧྥེ་ས་ཨར་ཆིན་ཝང་དང་ཕྱི་འབྲེལ་བློན་ཆེན་ཧྥེ་ས་ཨར་ཆིན་ཝང་། ཀྲུང་གོའི་ལས་དོན་བློན་ཆེན་ལུའུ་མེ་ཡན་སོགས་རྒྱལ་རྒྱུད་ཀྱི་ཁོངས་མི་གལ་ཆེན་དང་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས།

ཞི་ཅིན་ཕིང་གིས་ཡིག་ཐོག་ནས་ཁོང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་སོ་ཏི་ཨ་རབ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་སོ་ཏི་ཨ་རབ་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ32རིང་ཕྱོགས་གཉིས་ཀྱི་འཐབ་ཇུས་ཐད་ཕན་ཚུན་གྱི་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཞིང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ལྷག་པར2016ལོར་རྒྱལ་ཁབ་གཉིས་བར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་དུ་ངེད་ཀྱིས་རྒྱལ་པོ་ས་ལེ་མན་དང་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་འབྱུང་བར་སྣེ་ཁྲིད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་བ་ཡིན། ཐེངས་འདིའི་འཚམས་འདྲི་སྐབས་ངེད་ཀྱིས་རྒྱལ་པོ་ས་ལེ་མན་དང་མུའུ་ཧན་མོ་ཏེའི་རྒྱལ་རྒྱུད་འཛིན་མཁན་བར་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཐུན་མོང་ཐོག་དོ་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་གོང་སྤེལ་དུ་གཏོང་བའི་ཁ་ཕྱོགས་མཉམ་དུ་འཆར་འགོད་བྱ་རྒྱུ་ཡིན། ངེད་ཀྱིས་ཀྲུང་གོ-ཨ་རབ་རྒྱལ་ཁབ་ཀྱི་དབུ་ཚོགས་སྐབས་དང་པོ་དང་ཀྲུང་གོ-མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་དབུ་ཚོགས་ལ་ཞུགས་ཏེ་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་དང་མཉམ་དུ་ཀྲུང་གོ་དང་ཨ་རབ། ཀྲུང་གོ་དང་མཚོ་ཁུག་རྒྱལ་ཁབ་བར་གྱིི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་པར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཏིང་ཞུའེ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་ཨུ་ཡོན་ཝང་དབྱི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ལི་ཧྥེང་སོགས་ཕེབས་རོགས་མི་སྣ་རྣམས་དུས་མཉམ་དུ་འབྱོར།  

སོ་ཏི་ཨ་རབ་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲིན་ཝེ་ཆིན་ཡང་གནམ་གྲུ་ཐང་དུ་བསུ་བ་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།