ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཨུ་རུ་སིའི་ཙུང་ལི་དང་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་བདུན་པར་མགོ་འཛིན་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས5ཉིན་ཕྱི་དྲོར། པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་མིས་ཧྲུའུ་སི་ཅིན་དང་མཉམ་དུ་བརྙན་རིས་ཀྱི་ལམ་ནས་ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཐེངས་ཉེར་བདུན་པར་མགོ་འཛིན་བྱས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་དངུལ་གཏོང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་ནུས་ཁུངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཀྲུའུ་ཞི་ཧན་ཀྲིན་གྲོས་མོལ་ལ་ཞུགས།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཨུ་རུ་སི་གཉིས་ནི་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁ་གཉིས་ཀ་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་ལ། སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ལྡན་པ་དང་། ནམ་ཡང་ཕྱོགས་གསུམ་པར་འགོག་རྒོལ་མི་བྱེད་པ་དང་ཁ་གཏད་དུ་མི་ལངས་པ། མནའ་ཞུགས་མི་བྱེད་པའི་རྩ་དོན་གྱི་རྨང་གཞིའི་སྟེང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་བཏང་། ད་ལོའི་ཟླ་དགུ་པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་། ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་དེ་ལོ་ཧྲིལ་བོའི་རྒྱུན་ལྡན་གྱི་རྐྱེན་སྲོལ་རང་བཞིན་གྱི་བཀོད་སྒྲིག་ཏུ་བརྩིས་ནས། ལོ་ངོ་ཉེར་བདུན་རིང་མཚམས་ཆད་མ་མྱོང་བ་དང་། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་འཆར་འགོད་བྱེད་པ་དང་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཆེན་པོ་འདོན་སྤེལ་བྱས། ཀྲུང་གོས་ཨུ་རུ་སིའི་བར་གྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ། ཀྲུང་གོ་དང་ཨུ་རུ་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལ་སྲུང་སྐྱོབ་བྱེད་པ། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་འཕེལ་རྒྱས་སྟོབས་འབྱོར་ལ་སྲུང་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ལི་ཁེ་ཆང་དང་མིས་ཧྲུའུ་སི་ཅིན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ཡོད་མཉམ་ལས་རྐྱེན་སྲོལ་གྱི་འགན་ཁུར་མི་སྣའི་བྱ་བའི་སྙན་ཞུ་ལ་ཉན། རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་ཕྱོགས་གཉིས་ཀྱི་ཨུ་ཡོན་ལྷན་ཁང་གིས་ལོ་གཅིག་རིང་གི་ཕན་ལྡན་དངོས་གཉེར་གྱི་བྱ་བར་གདེང་འཇོག་བཟང་བོ་བྱས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཨུ་རུ་སི་གཉིས་ཀྱི་དཔལ་འབྱོར་ཐད་ཀྱི་ཁ་གསབ་རང་བཞིན་ཧ་ཅང་ཆེ་བ་དང་། ཕྱོགས་གཉིས་ཀྱིས་ཕྱོགས་གཉིས་མཉམ་ལས་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལས་གཞི་བརྟན་བརླིང་ངང་ལག་བསྟར་བྱས་ནས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས།

མིས་ཧྲུའུ་སི་ཅིན་གྱིས་མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག ཨུ་རུ་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨུ་རུ་སིས་ཀྲུང་གོ་དང་མཉམ་དུ། ཨུ་རུ་སི་དང་ཀྲུང་གོ་གཉིས་ཀྱི་ཙུང་ལིའི་དུས་བཅད་གྲོས་མོལ་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་བཟང་བོ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་སྤུས་འདེགས་ནུས་སྤེལ་བྱེད་པར་སྐུལ་འདེད་བཏང་ནས། ཨུ་རུ་སི་དང་ཀྲུང་གོའི་ཁྱིམ་མཚེས་མཛའ་བརྩེ་སྲ་བརྟན་དུ་གཏོང་དགོས། ཨུ་རུ་སིས་ཀྲུང་གོ་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། འཛམ་གླིང་གི་སྣེ་མང་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

སུང་ཁྲུན་ལན་དང་ཝུའུ་ཁྲུན་ཧྭ། ཧི་ལིས་ཧྥིན་སོགས་གྲོས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།