ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱིར་ལོག་སྒྲོམ་ཚང་ཏུང་ཧྥུན་འབབ་ཚིགས་སུ་བབས་པ་དང་ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས4ཉིན་གྱི་ཆུ་ཚོད20དང་སྐར་མ09སྟེང་། ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱིར་ལོག་སྒྲོམ་ཚང་ཏུང་ཧྥུན་འབབ་ཚིགས་སུ་བབ་ཐུབ་པ་བྱུང་ཞིང་། ཡུལ་དངོས་ཀྱི་སྨན་བཅོས་མི་སྣས་ཁྲེན་ཏུང་དང་ལིའུ་དབྱང་། ཚའེ་ཞུས་ཀྲེ་གསུམ་གྱི་ལུས་པོར་བརྟག་དཔྱད་བྱས་པའི་མཇུག་འབྲས་ཅུང་བཟང་བས། ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་ལེགས་འགྲུབ་བྱུང་བ་རེད། 

ཟླ12པའི་ཚེས4ཉིན་ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱིར་ལོག་སྒྲོམ་ཚང་ཏུང་ཧྥུན་འབབ་ཚིགས་སུ་བབ་ཐུབ་པ་བྱུང་། པར་འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཁྲེན་ཏུང་བདེ་བླག་ངང་སྒྲོམ་ཚང་ནས་ཕྱིར་བུད་པའི་རྣམ་པ་རེད།

ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་བཟོ་འགོད་གཞུང་ལས་ཁང་གིས་ངོ་སྤྲོད་གནང་བ་ལྟར་ན། ཆུ་ཚོད19དང་སྐར་མ20སྟེང་། པེ་ཅིན་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཀྱིས་ས་ངོས་ཚད་ལེན་ཚོད་འཛིན་ས་ཚིགས་བརྒྱུད་དེ་སྒྲོམ་ཚང་ཕྱིར་ལོག་པར་བཀའ་རྒྱ་བཏང་སྟེ། ལྷ་གྲུ་ཨང་བཅུ་བཞི་པའི་མི་བཞུགས་འཕུར་གྲུའི་འཁོར་ལམ་སྒྲོམ་ཚང་དང་ཕྱིར་ལོག་སྒྲོམ་ཚང་གཉིས་སོ་སོར་ཁ་གྱེས་ཤིང་། འཕུར་གྲུའི་ཕྱིར་ལོག་སྒྲོམ་ཚང་གི་སྒུལ་བྱེད་འཕྲུལ་འཁོར་ལ་མེ་སྒྲོན་པ་དང་མཉམ་དུ་ཕྱིར་ལོག་སྒྲོམ་ཚང་དང་སྐུལ་འདེད་སྒྲོམ་ཚང་ཡང་སོ་སོ་ཁ་གྱེས་པ་རེད། ཕྱིར་ལོག་སྒྲོམ་ཚང་བདེ་བླག་ངང་སར་བབས་རྗེས་འཚོལ་སྐྱོབ་ཚུར་བསྡུའི་ལས་འགན་དང་དུ་ལེན་པའི་འཚོལ་སྐྱོབ་ཡན་ལག་རུ་ཆུང་དུས་ཐོག་ཏུ་དམིགས་ས་འཚོལ་ཞིབ་བྱས་ཏེ་ཡུལ་དངོས་སུ་འབྱོར། ཕྱིར་ལོག་སྒྲོམ་ཁང་གི་སྒོ་ཕྱེ་རྗེས་སྨན་ལས་མི་སྣས་འཇིག་རྟེན་འཕུར་སྐྱོད་པའི་ལུས་ཕུང་བདེ་ཐང་ཡིན་པ་གཏན་འཁེལ་བྱུང་བ་རེད།

ཟླ12པའི་ཚེས4ཉིན་ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱིར་ལོག་སྒྲོམ་ཚང་ཏུང་ཧྥུན་འབབ་ཚིགས་སུ་བབ་ཐུབ་པ་བྱུང་། པར་འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ལིའུ་དབྱང་བདེ་བླག་ངང་སྒྲོམ་ཚང་ནས་ཕྱིར་བུད་པའི་རྣམ་པ་རེད།

ལྷ་གྲུ་ཨང་བཅུ་བཞི་པའི་མི་བཞུགས་འཕུར་གྲུ་དེ2022ལོའི་ཟླ6པའི་ཚེས5ཉིན་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བར་སྣང་དུ་འཕངས་ཤིང་དེ་རྗེས་ཐེན་ཧི་ལྟེ་བའི་སྒྲོམ་ཚང་དང་སྦྲེལ་མཐུད་བྱས་ནས་མཉམ་སྒྲིག་གཟུགས་ཤིག་ཆགས་པ་རེད། འཇིག་རྟེན་འཕུར་སྐྱོད་པ3པོས་འཁོར་ལམ་དུ་ཟླ6སྡོད་པའི་རིང་སྒྲོམ་ཚང་ཕྱི་རོལ་དུ་བྱེད་སྒོ་ཐེངས3སྤེལ་ཏེ། བར་སྣང་ས་ཚིགས་ཀྱི་སྒྲོམ་ཚང་ཕྱི་ནང་གི་སྒྲིག་ཆས་དང་བར་སྣང་བེད་སྤྱོད་ལས་འགན་གྱི་འབྲེལ་ཡོད་སྒྲིག་ཆས་སོགས་ལ་སྒྲིག་སྦྱོར་དང་སྙོམས་སྒྲིག་ཚོད་ལྟ་བྱས་པ་ལེགས་གྲུབ་བྱུང་། དེ་མིན་བར་སྣང་ཚན་རིག་ཚོད་ལྟ་དང་ལག་རྩལ་ཚོད་ལྟ་རབ་དང་རིམ་པ་བྱས། སྔ་རྗེས་སུ་འཁོར་ལམ་ཐོག་བར་སྣང་ས་ཚིགས་ཀྱི་སྒྲོམ་ཚང་དུམ་བུ2དང་མི་བཞུགས་འཕུར་གྲུ1། ཟོག་འདྲེན་འཕུར་གྲུ1བཅས་ལ་བསུ་བ་ཞུས་པ་མ་ཟད། ས་ངོས་དང་གཞོགས་འདེགས་བྱས་ནས་ཀྲུང་གོའི་བར་སྣང་ས་ཚིགས“T”ཡི་གཞི་རྩའི་སྒྲིག་གཞི་ཅན་གྱི་སྒྲིག་སྦྱོར་བཟོ་སྐྲུན་ལེགས་འགྲུབ་བྱུང་བ་དང་། འཁོར་ལམ་སྟེང་ནས་ཆེས་ཐོག་མར་ལྷ་གྲུ་ཨང་བཅོ་ལྔ་པའི་འཇིག་རྟེན་འཕུར་སྐྱོད་པ་རྣམས་ལ་ལས་དོན་སྤྲོད་ལེན་གྱི་ལས་འགན་ལེགས་འགྲུབ་བྱུང་། དེས་ཟོག་འདྲེན་འཕུར་གྲུ་དང་བར་སྣང་ས་ཚིགས་གཉིས་སྦྲེལ་མཐུད་བྱེད་མགྱོགས་ཤོས་ཀྱི་འཛམ་གླིང་གི་ཟིན་ཐོ་སྐྲུན་པ་སོགས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་མང་པོར་དཔང་པོ་བྱས་པ་མ་ཟད་། ལས་སྒྲུབ་ཀྱི་བར་གསེང་ནས“ཐེན་ཀུང་སློབ་ཁང”གི་བར་སྣང་སློབ་ཁྲིད་ཐེངས1བྱས་པ་དང་། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཚན་རྩལ་ཁྱབ་སྤེལ་གྱི་སློབ་གསོ་དང་རིག་གནས་ཁྱབ་སྤེལ་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། 

ཟླ12པའི་ཚེས4ཉིན་ལྷ་གྲུ་ཨང་བཅུ་བཞི་བའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་ཕྱིར་ལོག་སྒྲོམ་ཚང་ཏུང་ཧྥུན་འབབ་ཚིགས་སུ་བབ་ཐུབ་པ་བྱུང་། པར་འདི་ནི་འཇིག་རྟེན་འཕུར་སྐྱོད་པ་ཚའེ་ཞུས་ཀྲེ་བདེ་བླག་ངང་སྒྲོམ་ཚང་ནས་ཕྱིར་བུད་པའི་རྣམ་པ་རེད།

ཁྲེན་ཏུང་འཁོར་ལམ་སྟེང་ལས་སྒྲུབ་དུས་ཡུན་ཉིན200ལས་བརྒལ་བའི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་རུ་གྱུར།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།