ཀྲུང་གོ་བོད་ཀྱི་དྲ་བ།

ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོས་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་ཞུས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས30ཉིན། བློ་མཐུན་ཅང་ཙེ་རྨིན་ཧྲང་ཧའེ་ནས་སྐུ་གཤེགས་རྗེས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ལས་རིགས་སོ་སོས་གཅིག་རྗེས་གཉིས་མཐུད་ངང་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས། 

ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལས་ཁུངས་གཙོ་བོ་དང་། ཁྲིམས་འཛུགས་དང་ཁྲིམས་འཛིན་ལས་ཁུངས། ཞང་ཀང་དང་ཨའོ་མོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་བཅས་ཚང་མས་དར་ཆ་ཕྱེད་ཕབ་ནས་མྱ་ངན་ཞུས། 

ཚེས1ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གིས་གཞུང་ལས་ཐོག་ཁང་དུ་གདུང་ཁང་བཙུགས་ནས་ལས་རིགས་སོ་སོའི་མྱ་ངན་དང་ལེན་བྱས་པ་རེད། གདུང་ཁང་ནང་ཞང་ཀང་གི་ལས་རིགས་སོ་སོས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་དང་མྱ་ངན་ཆ་ཡིག་བསྒྲིགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུང་ཅན་ཧྭ་ཡིས་གཉེན་ཉེར་མངགས་བཅོལ་བྱས་ནས་འདས་མཆོད་མེ་ཏོག་ཕྲེང་བ་ཕུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའང་ཀྲིན་དབྱིང་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ལིན་ཀྲེང་ཡུའེ་ཨེ་བཅས་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་དཔོན་རིགས་དང་སྲིད་འཛིན་ཚོགས་འདུའི་་དཔོན་མིན་གྲོས་མི་ཡོངས། ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མི། ཁྲིམས་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་སོགས་དང་དེ་བཞིན་ལས་རིགས་སོ་སོའི་མི་སྣ་ཕེབས་ནས་མྱ་ངན་ཞུས། 

ཞང་ཀང་ཀྲུང་དབྱང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ལུའོ་ཧུའེ་ཉིང་དང་། ཤང་ཀང་དུ་སྡོད་པའི་ཀྲུང་དབྱང་སྲིད་གཞུང་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་ཀུང་ཧྲུའུ་ཡི་ཧྲུའུ་ཀྲང་ཀྲིང་ཡན་ཞུང་། ཞང་ཀང་དུ་སྡོད་པའི་ཕྱི་འབྲེལ་པུའུ་ཡི་ཆེད་མངགས་པའི་ཀུང་ཧྲུའུ་ཡི་འགན་འཁུར་བ། ཞང་ཀང་དུ་སྡོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་ལའེ་རུའུ་ཞིན་སོགས་གདུང་ཁང་དུ་ཕེབས་ནས་མྱ་ངན་ཞུས། 

ཉིན་དེའི་ཕྱི་དྲོར། ཞང་ཀང་གི་གྲོང་མི་སྟོང་ཕྲག་འགས་རང་འགུལ་ངང་ཞང་ཀང་གི་ཀྲུང་དབྱང་འབྲེལ་གཏུག་གཞུང་ལས་ཁང་གི་ཐོག་ཁང་ཕྱིར་རུ་སྟར་རིང་པོ་སྒྲིག་ནས་ལག་ཏུ་མེ་ཏོག་བཟུང་ཞིང་མྱ་ངན་གྱི་སྦྱར་ཡིག་འཁྱེར་ནས་མེ་ཏོག་འབུལ་ཡུལ་དུ་མྱ་ངན་ཞུས། 

ཟླ11པའི་ཚེས30ཉིན། ལི་ཅ་ཁྲའོ་ཡིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚབ་བྱས་ནས་ཀྲུའུ་ཞི་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཟབ་མོ་ཞུས་པ་དང་ཁོང་གི་ཁྱིམ་མིར་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་ནི་ཀུན་གྱིས་ཁས་ལེན་པའི་བླ་ན་མེད་པའི་མགོ་ཁྲིད་པ་ཡིན་ལ། ཀྲུང་གུང་རབས་གསུམ་པའི་ཀྲུང་དབྱང་མགོ་ཁྲིད་མཉམ་སྡེབ་ཀྱི་སྲོག་ཤིང་དང“མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པའི་གསར་གཏོད་མཁན་གཙོ་བོ་ཡིན། ཁོང་གིས་རྒྱལ་ཁབ་ཀྱིས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་གཏོད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་ཆེན་མོ་ལག་ལེན་བསྟར་བྱས། “ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཞེས་པའི་བྱེད་ཕྱོགས་མཐའ་འཁྱོངས་གནང་ནས། ཞང་ཀང་དང་ཨའོ་མོན་བདེ་བླག་ངང་ཕྱིར་ལོག་པར་བྱས་ནས་བྱས་རྗེས་རླབས་པོ་ཆེ་བཞག  

ཞང་ཀང་ཆེད་ལས་ཟབ་སྦྱོང་སློབ་གླིང་གི་སློབ་གྲྭའི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་སློབ་གྲྭའི་ལྟ་ཞིབ་མཁན་གཅིག་ལྕོགས་ཀྱི་ལིའུ་ཕེ་ཆུང་གིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་ལ་རྗེས་དྲན་ཞུས་ཏེ། ཞང་ཀང་གི་ལས་རིགས་སོ་སོས་མུ་མཐུད་དུ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་གནད་འཁེལ་བྱས་ཤིང་། ཐོག་མའི་བསམ་འདུན་མ་བརྗེད་པར་མདུན་དུ་བསྐྱོད་དེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཧུར་ཐག་སྒོས་ཞུགས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དང་ཞང་ཀང་དར་རྒྱས་དང་བརྟན་ལྷིང་ཡོང་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

ཚེས1ཉིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གིས་ལས་ཁུངས་ཐོག་ཁང་ནང་གདུང་ཁང་བཙུགས་ནས་ལས་རིགས་སོ་སོའི་མྱ་ངན་དང་ལེན་བྱས། གདུང་ཁང་ནང་ཨའོ་མོན་སྤྱི་ཚོགས་ལས་རིགས་སོ་སོས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་བསྒྲིགས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་བཅས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་རིམ་པ་སོ་སོའི་དཔོན་རིགས་དང་སྲིད་འཛིན་ཚོགས་འདུའི་ཨུ་ཡོན། ཁྲིམས་འཛུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་གྲོས་མི། ཁྲིམས་འཛིན་སྒྲིག་གཞིའི་མི་སྣ་སོགས་ཀྱིས་གདུང་ཁང་དུ་མྱ་ངན་ཞུས། ཉིན་ཧྲིལ་པོར་མྱ་ངན་ཞུ་བར་ཡོང་མཁན་ལས་རིགས་སོ་སོའི་མི་སྣ1200ལྷག་ཡོད།  

ཨའོ་མོན་ཀྲུང་དབྱང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲིན་ཞིན་ཚུང་དང་། ཨའོ་མོན་དུ་སྡོད་པའི་ཕྱི་འབྲེལ་པུའུ་ཡི་ཆེད་མངགས་པའི་ཀུང་ཧྲུའུ་ཡི་འགན་འཁུར་བ། ཨའོ་མོན་དུ་སྡོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་སྡེའི་སི་ལིང་ཡོན་ཞུའུ་ལེང་ཚའེ་དང་དེ་བཞིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་འགན་འཁུར་བ་སོགས་ཀྱིས་གདུང་ཁང་དུ་མྱ་ངན་ཞུས།  

ཟླ11པའི་ཚེས30ཉིན། ཧོ་དབྱི་ཁྲིན་གྱིས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཅང་ཙེ་རྨིན་སྐུ་གཤེགས་པར་སྐྱོ་སྣང་ཆེན་པོས་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ཁྱིམ་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས། ཧོ་དབྱི་ཁྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཅང་ཙེ་རྨིན་ནི་རྒྱལ་ཡོངས་མི་དམངས་ཀུན་གྱིས་ཁས་ལེན་པའི་བླ་ན་མེད་པའི་མགོ་ཁྲིད་པ་ཞིག་ཡིན་ལ། ཁོང་གིས་ཨའོ་མོན་འཕེལ་རྒྱས་དང་ཨའོ་མོན་སྤུན་ཟླ་ཚོའི་འཚོ་བར་ཐུགས་ཁུར་ཆེན་པོ་གནང་སྟེ། ལས་འགན་འཁུར་རིང་ཨའོ་མོན་དུ་འཚམས་འདྲི་ཐེངས་གཉིས་གནང་ཞིང་། ད་ལྟ་ཁོང་གྲོངས་པས་ང་ཚོར་སེམས་སྡུག་ཆེན་པོ་བྱུང་ལ། ཁོང་གིས་རྒྱལ་ཁབ་དང་མི་དམངས་ལ་ཕུལ་བའི་ལེགས་སྐྱེས་ནམ་ཡང་བློ་ལ་བརྟན་པོར་ངེས་ནས་དྲན་གསོ་ཞུ་རྒྱུ་ཡིན། 

ཨའོ་མོན་ས་ཁུལ་གྱི་ཀྲུང་གོ་ཞི་བས་གཅིག་གྱུར་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལིའུ་དབྱི་ལིའང་གིས་བཤད་རྒྱུར། ཀྲུའུ་ཞི་ཅང་ཙེ་རྨིན་སྐུ་གཤེགས་པ་ནི་ཀྲུང་གོའི་མི་དམངས་ཡོངས་ཀྱི་གྱོང་གུན་ཆེན་པོ་ཞིག་ཡིན། ཨའོ་མོན་སྤུན་ཟླས་སེམས་སྡུག་དེ་སྟོབས་ཤུགས་སུ་བསྒྱུར་ཅིང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བརླིང་དང་རྒྱང་རིང་ལ་སྐྱོད་པར་སྐུལ་འདེད་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་ལེགས་འགྲུབ་འབྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བཅས་བྱ་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་རྒྱུ་ཡིན། 

ཚེས1ཉིན། 《སྤྱི་པའི་ཚགས་པར་ཆེན་མོ》དང་། ཞང་ཀང་གི《ཝུན་ཧའེ་ཚགས་པར་》དང《ཨའོ་མོན་ཉིན་རེའི་ཚགས་པར》སོགས་ཞང་ཀང་དང་ཨའོ་མོན་གྱི་སྨྱན་བྱེད་གཙོ་བོ་རྣམས་ཀྱིས་ཡི་གེ་དང་པར་རིས། བརྙན་ལམ་བཅས་ཀྱི་ཐོག་ནས་འཕྲིན་སྤེལ་ཏེ་བློ་མཐུན་ཅང་ཙེ་རྨིན་ལ་མྱ་ངན་དང་རྗེས་དྲན་བྱས། 

བློ་མཐུན་ཅང་ཙེ་རྨིན་སྐུ་གཤེགས་རྗེས། ཐའེ་ཝན་གྱི་ལས་རིགས་སོ་སོའི་མི་སྣས་མྱ་ངན་ཞུས། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲུའུ་ལི་ལུན་དང་། ཞིན་པེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཧོའུ་ཡིའུ་དབྱི། ཞིན་ཏང་གི་ཀྲུའུ་ཞི་ཟུར་པ་ཡུས་མུའུ་མིང་། ཐའེ་ཝན་དུས་རབས་ཉེར་གཅིག་པའི་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་ཀའོ་ཡུས་རེན་སོགས་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས་སྐུ་ཞབས་ཅང་ཙེ་རྨིན་སྐུ་གཤེགས་པར་མྱ་ངན་ཞུས། 

སྐམ་ས་ཆེན་མོའི་ས་གནས་སོ་སོའི་ཐའེ་ཝན་སྤུན་ཟླས་གཅིག་རྗེས་གཉིས་མཐུད་ངང་མྱ་ངན་དང་རྗེས་དྲན་ཞུས་པ་རེད། ཝུའུ་ཧན་གྲོང་ཁྱེར་ཐའེ་ཝན་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཞའོ་ཡུང་རུའེ་དང་། ཀོང་ཀྲོའུ་གྲོང་ཁྱེར་ཐའེ་ཝན་མ་འཇོག་ཁེ་ལས་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཁྲིན་ཆི་ཨན། ཞ་མོན་ཐའེ་ཝན་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཝུའུ་ཅ་ཡིང་བཅས་ཀྱིས་སྐུ་ཞབས་ཅང་ཙེ་མིན་སྐུ་གཤེགས་པ་ཐོས་རྗེས་ཡིད་ཧ་ཅང་སྐྱོ་ཞིང་། ཁོང་གིས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སེམས་ནུས་གང་ཡོད་འདོན་པ་དང་ཐའེ་ཝན་སྤུན་ཟླར་ཐུགས་ཁུར་གནང་བར་སྙིང་དབུས་ནས་དྲན་གསོ་ཞུས།  

རྒྱལ་ཡོངས་ཐའེ་དབན་སྤུན་ཟླའི་མ་འཇོག་ཁེ་ལས་མཐུན་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ལི་ཀྲིན་ཧུང་གིས་བཤད་རྒྱུར། སྐུ་ཞབས་ཅང་ཙེ་རྨིན་གྱི་མཛད་རྗེས་དང་ལེགས་སྐྱེས་ལ་རྗེས་དྲན་བྱེད། ང་ཚོ་ཐའེ་ཝན་གྱི་ཚོང་པ་དང་ཐའེ་དབན་སྤུན་ཟླས་སྔར་བས་འབད་བརྩོན་ཧུར་ཐག་བྱེད་པ་དང་ལོ་རྒྱུས་ཀྱི་གོ་སྐབས་གསར་པ་སྟངས་འཛིན་བྱས་ནས། ངོགས་གཉིས་ཀྱི་འབྲེལ་འདྲིས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་དང་། ངོགས་གཉིས་ཀྱི་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་བཏང་ནས། སྐུ་ཞབས་ཅང་ཙེ་རྨིན་གྱི་ཐུགས་བདེ་བར་བྱེད་དགོས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།