ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུང་ལན་གྱིས་གཞི་རིམ་གྱི་ཉམས་མྱོང་དང་སྒྲུབ་ཐབས་སྤྱི་བསྡོམས་བྱས་ཏེ་རིམས་འགོག་བྱེད་ཐབས་རྒྱུན་མཐུད་ངང་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུང་ལན་གྱིས་ཚེས1ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བསྡུས་པའི་བཞུགས་མོལ་ཚོགས་འདུའི་སྟེང་། རིམས་འགོག་བྱ་བའི་ལས་ཡུལ་དང་པོའི་འཐུས་མི་ཡིས་རིམས་འགོག་བྱེད་ཐབས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་བསམ་འཆར་ལ་ཉན། མོས་བསྟན་དོན། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱེད་པ་དང་གོམ་སྟབས་ཆུང་ཆུང་གིས་བསྐྱོད་པའི་འགྲོ་མཚམས་མི་འཇོག་པར། རང་འགུལ་གྱིས་རིམས་འགོག་སྲིད་ཇུས་ལེགས་བཅོས་བྱེད་པ་ནི་རང་རྒྱལ་གྱི་རིམས་ནད་འགོག་སྡོམ་གྱི་ཉམས་མྱོང་གལ་ཆེན་ཡིན། ལོ་གསུམ་རིང་གི་རིམས་འགོག་བརྒྱུད། རང་རྒྱལ་གྱི་སྨན་བཅོས་འཕྲོས་བསྟེན་དང་རིམས་འགོག་མ་ལག་གིས་ཉམས་ཚོད་བླངས་བ་དང་། ཕན་ནུས་ལྡན་པའི་བརྟག་དཔྱག་ལག་རྩལ་དང་སྨན་རྫས་ཏེ་ལྷག་པར་དུ་ཀྲུང་ལུགས་སྨན་རྫས་ཡོད་ཅིང་། མི་ཚོགས་ཡོངས་ཀྱི་རིམས་འགོག་སྨན་ཁབ་རྒྱག་ཚད90%ལས་བརྒལ་བ་དང་། མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་དང་བྱང་ཚད་ལ་མངོན་གསལ་གྱིས་མཐོར་འདེགས་བྱུང་། དེ་ཁར་ཨའོ་སྨེ་ཁི་རུང་ནད་དུག་གི་ནད་ཕོག་ཚད་ཇེ་ཞན་དུ་སོང་བ་དང་བསྟུན་ནས། སྔར་ལས་ལྷག་པར་རིམས་འགོག་བྱེད་ཐབས་ལེགས་བཅོས་དང་འཐུས་ཚང་དུ་གཏོང་བར་ཆ་རྐྱེན་བསྐྲུན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དངོས་འབེབས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་གཙོ་བོར་བཟུང་ནས། མིག་སྔར་ལ་རྐང་འཛུགས་པ་དང་མིག་རྒྱང་རིང་བའི་སྒོ་ནས། གཞི་རིམ་གྱི་ཆེད་ལས་རིམས་འགོག་སྟོབས་ཤུགས་སྲ་བརྟན་དུ་གཏོང་དགོས་ལ། སྡེ་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་རིམ་དབྱེ་བརྟག་དཔྱད་ལ་ཤུགས་བསྣན་ཏེ། སྡོད་དམངས་ཀྱི་བདེ་ཐང་དོ་དམ་དང་ཞབས་ཞུ་ལ་ཤུགས་སྣོན་དགོས་པ་དང་། ལེགས་བཅོས་བྱེད་ཐབས་སོ་སོ་དངོས་འབེབས་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། མི་དམངས་ཀྱི་བདེ་ཐང་བདེ་འཇགས་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས།

བཞུགས་མོལ་ཚོགས་འདུའི་སྟེང་། རིམས་འགོག་བྱ་བའི་གཞི་རིམ་གྱི་འཐུས་མི8ཀྱིས་གཏམ་བཤད་དེ། རིམས་འགོག་གི་ཉམས་མྱོང་དང་མྱོང་ཚོར་ཐད་ནས་བསམ་བློ་བརྗེ་རེས་བྱས་པ་དང་། ལེགས་བཅོས་དང་འཐུས་ཚང་དུ་བཏང་བའི་བྱེད་ཐབས་ཉི་ཤུ་ལ་བསམ་འཆར་དང་རེ་བ་བཏོན། སུང་ཁྲུང་ལན་གྱིས་གཞི་རིམ་ལས་བྱེད་པས་རིམས་འགོག་ཁྲོད་ཀྱི་བྱེད་ནུས་གལ་ཆེན་ལ་ཁས་ལེན་གནང་སྟེ། སྲིད་ཇུས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དང་། ཆ་ཚང་དང་ཡང་དག ཕྱོགས་ཡོངས་ནས་རིམས་འགོག་བྱེད་ཐབས་ཚོད་འཛིན་དང་ལག་བསྟར་བྱེད་པ་དང་། ཚད་ལྡན་ངང་སྒྲིག་བཀོལ་བྱས་ཏེ། དུས་ཐོག་ཏུ་མང་ཚོགས་ཀྱི་སེམས་འཁུར་ལ་དོ་སྣང་དང་། གཞི་རྩའི་འཚོ་བའི་འགན་སྲུང་ཐག་གཅོད་རྒྱུ། སྨན་བཅོས་དང་སྨན་བཀོལ་སྤྱོད་སོགས་ཀྱི་དགོས་གལ་ཆེ་བའི་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་གྱི་ལས་ཡུལ་དང་པོའི་རིམས་འགོག་མི་སྣ་དང་དོ་སྣང་དང་ཐུགས་ཁུར་གནང་སྟེ། ལས་དོན་དང་འཚོ་བའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།