ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གྲོས་ཚོགས་ཐེངས་གྱ་གཅིག་པ་ཚེས22ཉིན་པེ་ཅིན་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མགོ་འཛིན་བྱས་པ་མ་ཟད་གསུང་བཤད་གནང་།
གྲོས་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་འགན་འཁྲི་སྒྲུབ་པའི་གནས་ཚུལ་བསྡོམས་རྩིས་དབྱེ་ཞིབ་སྐོར་གྱི་སྙན་ཞུ་ལ་མཉན། ཝང་དབྱང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨུ་ཡོན་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་དངོས་འབེབས་བྱས་ཏེ། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་ཨུ་ཡོན་གྱི་གཙོ་གཞིའི་འགན་འཁྲི་འདོན་སྤེལ་དང་ཨུ་ཡོན་གྱི་འགན་འཁྲི་ཁག་ཁུར་ལ་ཤུགས་སྣོན་བྱེད་པ་དང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་སྔར་བས་ཇེ་ཆེར་བཏང་ནས་འགན་སྒྲུབ་ནུས་པ་སྔར་ལས་ཇེ་ཆེར་གཏོང་བ་དང་། ཨུ་ཡོན་དཔུང་ཁག་གི་རྣམ་པ་གསར་སྒྱུར་བྱས་ནས་དུས་རབས་གསར་བའི་རྣམ་པ་གསར་བ་མངོན་པར་བྱེད་དགོས། དངོས་གནས་སྲིད་གྲོས་ལས་དོན་ལ་ཟུང་སྦྲེལ་བྱས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་དམིགས་ཚད་མ་ལག་འཚོལ་ཞིབ་དང་འཐུས་ཚང་དུ་བཏང་ནས་སྔར་བས་དངོས་ཡོད་དང་ཕྱོགས་ཡོངས་ནས་ཨུ་ཡོན་གྱི་འགན་སྒྲུབ་གནས་ཚུལ་ལ་དབྱེ་ཞིབ་དང་དཔྱད་འཇོག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཨུ་ཡོན་གྱིས་ལས་རིགས་མང་ཚོགས་ཁྲོད་ཀྱི་འཐུས་ཚབ་བྱེད་ནུས་འདོན་སྤེལ་དང་འགན་སྒྲུབ་བྱེད་ནུས་མཐོར་འདེགས་སུ་གཏོང་བར་ཚན་རིག་གི་རྒྱབ་རྟེན་འདོན་སྤྲོད་བྱེད་དགོས།
གྲོས་ཚོགས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཀང་ཨའོ་ཐའེ་སྤུན་ཟླའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་དང་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱིས་དམངས་གཙོ་ལྟ་སྐུལ་ལས་དོན་སྐོར་གྱི་སྙན་ཞུ་ལ་མཉན་པ་དང་། 《ཁྱིམ་སྡོད་དང་གཞིས་ཁུལ་གྱི་རྒན་རྒོན་ལ་བསྟུན་པའི་བསྒྱུར་བཅོས་ཇེ་མགྱོགས་དང་སྐུལ་འདེད་གཏོང་བའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》དང《ལས་བྱེེད་སློབ་གསོར་ཤུགས་བསྣན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》《ཀང་ཨའོ་ཐའེ་མཚོ་ཁུག་ཆེན་མོར་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའིི་དེང་རབས་ཐོན་ལས་མ་ལག་འཛུགས་པའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》《ནུབ་རྒྱུད་ས་ཁུལ(སི་ཁྲོན་དང་ཡུན་ནན)གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཕྱི་ཕྱོགས་ལ་སྒོ་འབྱེད་བྱེད་པའི་བྱེད་ཐབས་གལ་ཆེན་དངོས་འབེབས་བྱས་པའི་གནས་ཚུལ་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》《སྤྱི་བའི་རིག་གནས་ཀྱི་གྲངས་ཀ་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》བཅས་ལ་གྲོས་འཆམ་བྱུང་།
ཝང་དབྱང་གིས་བསྟན་དོན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྟུད་མར་ལོ་གཉིས་ལ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ལག་བསྟར་ལ་དམིགས་ནས་དམངས་གཙོའི་ལྟ་སྐུལ་སྤེལ་བ་དང་། ཀྲུའུ་ཞི་གྲོས་ཚོགས་ཀྱིས་ཆེད་དུ་ཨུ་ཡོན་ལྷན་ཁང་སོ་སོའི་དམངས་གཙོའི་ལྟ་སྐུལ་ལས་དོན་གནས་ཚུལ་གྱི་སྙན་ཞུར་མཉན་པ་དང་། གཙོ་གནད་ལྟ་སྐུལ་བསམ་འཆར་ལ་ཞིབ་འཇུག་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཙོ་གནད་སྲིད་ཇུས་བཀོད་སྒྲིག་དང་དངོས་འབེབས། ལག་བསྟར་བཅས་ལ་ནུས་པ་གལ་ཆེན་ཐོན་པ་མ་ཟད། ཨུ་ཡོན་རྣམས་ཀྱིས་ལྟ་སྐུལ་གོ་རིམ་ཁྲོད་འགྱུར་ལྡོག་རིག་ཐུབ་པ་དང་སློབ་གསོ་མྱོང་ཐུབ་པ། ཐུན་མོང་ངོས་འཛིན་གཅིག་གྱུར་བྱེད་ཐུབ་པར་སྐུལ་སྤེལ་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ནན་ཏན་སྒོས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བ་ལག་བསྟར་བྱས་ནས། གྲོས་མོལ་རྣམ་པའི་ལྟ་སྐུལ་གྱི་ངོ་བོའི་ངེས་གནས་ལ་དམ་འཛིན་ཡང་དག་བྱས་ཏེ། མུ་མཐུད་དུ་དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། མི་དམངས་སྲིད་གྲོས་དེ་ཆེད་དམིགས་ཀྱི་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་ངོས་ནས་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས།
ཀྲུའུ་ཞི་གྲོས་ཚོགས་ཀྱིས་ད་རུང2022ལོའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨའམ་ཀྲུང་གོ་ཚན་རིག་གླིང་གི་གླིང་གཙོ་གཞོན་པ་ཀའོ་ཧུང་ཅུན་གྱིས་གདན་ཞུ་ལྟར་ཁ་བྱང་ལ“ཚན་རིག་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོར་འདེགས་སུ་གཏོང་བ”ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོ་ཧི་ཧྭ། ལུའུ་ཀྲན་ཀུང་། མ་པེའོ། ཁྲེན་ཞའོ་ཀོང་། ལེའང་ཀྲིན་དབྱིན། ཞ་པའོ་ལུང་། ལི་པིན། པ་ཐར། ཝང་ཡུང་ཆིན། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲིན། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་གྲོས་ཚོགས་ལ་ཞུགས། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའིི་གྲོས་ཚོགས་ལ་མགོ་འཛིན་གནང་།