ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་གནང་སྟེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཚོགས་འདུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 1129150559_16691282619141n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་གྱ་གཅིག་པ་པེ་ཅིན་དུ་བསྡུས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་སྟེ་གཏམ་བཤད།

གྲོས་ཚོགས་ལས་སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་འཁྲི་བསྒྲུབས་པའི་གནས་ཚུལ་སྐོར་གྱི་བསྡོམས་རྩིས་དབྱེ་ཞིབ་སྙན་ཞུར་ཉན། ཝང་དབྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། བྱེད་ཐབས་སྣ་ཚོགས་མཉམ་སྤྱོད་ཀྱིས་ཨུ་ཡོན་གྱི་རང་བདག་ནུས་པ་འདོན་སྤེལ་དང་ཨུ་ཡོན་གྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་བས། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་འགན་འཁྲི་སྒྲུབ་ནུས་སྔར་ལས་ཆེ་རུ་ཕྱིན་པ། ཨུ་ཡོན་གྱི་དཔུང་སྡེ་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་བྱུང་ནས། དུས་རབས་གསར་པའི་རྣམ་པ་གསར་པ་ཞིག་མངོན་ཡོད། སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པའི་དམིགས་འབེན་མ་ལག་འཚོལ་ཞིབ་དང་སྔར་ལས་འཐུས་ཚང་དུ་གཏོང་བ། ཨུ་ཡོན་གྱིས་འགན་འཁྲི་བསྒྲུབས་ཚུལ་ལ་སྔར་ལས་དོན་དངོས་དང་མཐུན་ཞིང་ཕྱོགས་ཡོངས་ནས་དབྱེ་ཞིབ་དང་གདེང་འཇོག་བཅས་བྱས་ཏེ། མང་ཚོགས་ཁྲོད་ཀྱི་ཨུ་ཡོན་གྱི་འཐུས་ཚབ་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པ་དང་འགན་འཁྲི་སྒྲུབ་པའི་ཕན་ནུས་སྔར་ལས་ཇེ་ཆེར་གཏོང་བར་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྒྱལ་ཡོངས་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་དང་། མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་། ཞང་ཀང་དང་ཨོ་མིན་ཐའེ་ཝན་སྤུན་ཟླ་དང་ཕྱིར་སྡོད་རང་མིའི་ཨུ་ཡོན་ལྷན་ཁང་། ཕྱི་དོན་ཨུ་ཡོན་ལྷན་ཁང་། རིག་གནས་ལོ་རྒྱུས་སློབ་སྦྱོང་ཨུ་ཡོན་ལྷན་ཁང་བཅས་ཀྱི་དམངས་གཙོའི་ལྟ་སྐུལ་བྱ་བའི་སྐོར་གྱི་སྙན་ཞུར་ཉན། གྲོས་ཚོགས་ལས་གྲོས་ཞིབ་བྱས་ཏེ《ཁྱིམ་སྡོད་དང་སྡེ་ཁུལ་གྱི་ལོ་ལོན་ལ་འཚམ་པའི་སྒྱུར་བཀོད་ལ་སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ།》ཞེས་པ་དང་། 《ལས་བྱེད་པར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》། 《ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུགས་ཆེན་མོ་རུ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་རྒྱུའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》། 《ནུབ་རྒྱུད་ས་ཁུལ་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱས་ཏེ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་གནས་ཚུལ་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》། 《སྤྱི་ཐུན་རིག་གནས་གཞི་གྲངས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་དམངས་གཙོའི་ལྟ་སྐུལ་སྙན་ཞུ》བཅས་ལ་གྲོས་འཆམ་བྱུང་།

ཝང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པས་བསྟུད་མུར་ལོ་གཉིས་ཀྱི་རིང་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་ལག་བསྟར་བྱེད་པར་དམིགས་ཏེ་དམངས་གཙོའི་ལྟ་སྐུལ་བྱས། ཀྲུའུ་ཞིའི་གྲོས་ཚོགས་ཀྱིས་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་དམངས་གཙོའི་ལྟ་སྐུལ་བྱ་བའི་གནས་ཚུལ་སྙན་ཞུར་ཉན། གཙོ་གནད་ལྟ་སྐུལ་བསམ་འཆར་ལ་ཞིབ་འཇུག་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱིས་དམངས་གཙོའི་ལྟ་སྐུལ་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། དེས་ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། ཨུ་ཡོན་རྣམས་ཀྱིས་ལྟ་སྐུལ་བྱེད་པའི་གོ་རིམ་དངོས་ཀྱི་ཁྲོད་ནས་འགྱུར་ལྡོག་མཐོང་ཐུབ་པ་དང་སློབ་གསོ་ཐེབས་ཐུབ་པ། ངོས་འཛིན་གཅིག་མཐུན་ཡོང་ཐུབ། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ནན་ཏན་གྱིས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། གྲོས་མོལ་ཅན་གྱི་ལྟ་སྐུལ་གྱི་ངོ་བོ་དང་ངེས་གནས་གནད་ལ་འཁེལ་བར་བྱས་ནས། དམངས་གཙོའི་ལྟ་སྐུལ་གྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། མི་དམངས་སྲིད་གྲོས་ནི་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན་པའི་ཆ་ནས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་ཀྱི་ནུས་པ་གལ་ཆེན་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པར་བསྟན།

ཀྲུའུ་ཞིའི་གྲོས་ཚོགས་སྟེང་དུ། 2022ལོའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་བསྡུས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཀའོ་ཧུང་ཅུན་གྱིས་གདན་དྲངས་པ་ལྟར། ཁ་བྱང་ལ“ཚན་རིག་ཁྱབ་བརྡལ་ལས་དོན་ལ་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་དགོས”ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ།  

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལི་དང་ལིའུ་ཆི་པའོ། ཝན་ཀང་། ཧོའུ་ཧོ་ཧྭ། ལུའུ་ཀྲན་ཀུན། མཱ་པའོ། ཁྲིན་ཞའོ་ཀོང་། ལང་ཀྲིན་ཝིན། ཞཱ་པའོ་ལུང་། ལི་པིན། པཱ་ཐར། ཝང་ཡུང་ཆིན། སུའུ་ཧྭའེ། ཀྲིན་ཅན་པང་། ཀུའུ་ཧྲིན་ཙུའུ། ལིའུ་ཞིན་ཁྲེང་། ཧྲའོ་ཧུང་། ཀའོ་ཡུང་ལུང་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།