ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧི་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཞིན་ཏ་ཉོ་ཚོང་ཚད་ཡོད་ཀུང་ཟིར་མེ་སྐྱོན་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཧི་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཞིན་ཏ་ཉོ་ཚོང་ཚད་ཡོད་ཀུང་ཟིར་མེ་སྐྱོན་བྱུང་བའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། ནུས་ཤུགས་ཡོད་རྒུས་རྨས་སྐྱོན་མི་སྣར་མྱུར་སྐྱོབ་བྱེད་པ་དང་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། དོན་རྐྱེན་ཚབས་ཆེན་རིགས་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་དང་གཏན་འགོག་བྱེད་དགོས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས21ཉིན་གྱི་ཆུ་ཚོད16ཡས་མས་སུ། ཧི་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་གྱི་ཁའེ་ཞིན་ཏ་ཉོ་ཚོང་ཚད་ཡོད་ཀུང་ཟིའི་བཟོ་ཁང་ལ་མེ་སྐྱོན་ཤོར། མིག་སྔའི་བར་དུ། དོན་རྐྱེན་ཁྲོད་མི38ཤི་བ་དང་མི2ལ་རྨས་སྐྱོན་ཕོག་ཡོད།

དོན་རྐྱེན་བྱུང་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲལ་ཏུ་མཛུབ་སྟོན་གལ་ཆེན་གནང་སྟེ། ཧི་ནན་སོགས་ས་ཁུལ་དུ་བསྟུད་མར་མེ་སྐྱོན་སོགས་ཀྱི་བདེ་འཇགས་ཐོན་སྐྱེད་དོན་རྐྱེན་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་ཐེབས་པས་དེའི་བསླབ་བྱ་ནམ་ཡང་དམ་པོར་ཡིད་ལ་བཅངས་དགོས། ནུས་ཤུགས་ཡོད་རྒུས་རྨས་མར་མྱུར་སྐྱོབ་བྱེད་པ་དང་། ཁྱིམ་མིའི་སེམས་གསོ་དང་འདས་འཇུག་སོགས་ཀྱི་བྱ་བ་འོས་འཚམ་སྒོས་ཡག་པོར་བསྒྲུབས་ནས། དོན་རྐྱེན་གྱི་འབྱུང་རྩར་རྩད་ཞིབ་གསལ་བོ་བྱེད་པ་དང་། ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་མོ་གཏོང་དགོས། ལོ་མཇུག་ཏུ་སླེབས་ལ་ཉེ་བས། འཕེལ་རྒྱས་དང་བདེ་འཇགས་ཀྱི་ལས་དོན་སོ་སོའི་ལས་འགན་ཅུང་ལྕི་བར་སྤྱི་འདོམས་བྱས་ནས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེེད་དགོས་ལ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཟབ་ནན་ཏུ་བཏང་ནས་ཕྱོགས་ཡོངས་ནས་རིགས་སོ་སོའི་ཉེན་ཁའི་མངོན་མེད་རྐྱེན་ངན་རྩད་ཞིབ་དང་ལེགས་བཅོས་བྱེད་པ་དང་། མཐའ་གཅིག་ཏུ་ཚབས་ཆེའི་དོན་རྐྱེན་རིགས་འབྱུང་བར་སྔོན་འགོག་དང་གཏན་འགོག་བྱེད་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་ལ་གཞིགས་ཏེ། འཕྲལ་བསྟུན་དོ་དམ་སྡེ་ཁག་སོགས་འབྲེལ་ཡོད་སྡེ་ཁག་གིས་ལས་དོན་ཚན་ཆུང་མངགས་ནས་ཧི་ནན་དུ་མྱུར་སྐྱོབ་ལས་དོན་ལ་མཛུབ་སྟོན་བྱས་པ་དང་། ཧི་ནན་ཞིང་ཆེན་གྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྱིས་ཡུལ་དངོས་སུ་བཀོད་འདོམས་ཐག་གཅོད་བྱེད་བཞིན་ཡོད། མིག་སྔར། ཡུལ་དངོས་རོགས་སྐྱོབ་དང་རྨས་མ་མྱུར་སྐྱོབ། དོན་རྐྱེན་འབྱུང་རྐྱེན་བརྟག་བཤེར་སོགས་ཀྱི་ལས་ཀ་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།