ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དྲུག་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ནི་ཕན་ཚུན་མཛའ་མཐུན་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་འཕེལ་རྒྱས་ཀྱི་ཟླ་གྲོགས་གལ་ཆེན་ཡིན་པར་མ་ཟད། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པའང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ཕྱོགས་གཉིས་ཀས་ཁྱབ་ཁོངས་སོ་སོའི་བར་གྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དཔལ་འབྱོར་ཉོ་ཚོང་འགྲོ་འོང་གི་འཕེལ་རྒྱས་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་པས། རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཁེ་བསྐྲུན་ཡོད། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྟེགས་བུར་བྱས་ཏེ། མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱས་ནས། མཉམ་ལས་ཀྱི་འཕར་གཞི་གསར་པ་རྒྱུན་ཆད་མེད་པར་བསྐྲུན་འདོད་ཡོད་ཅིང་། “རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་གཞི་དོན་འཁྱོལ་བྱེད་པར་རོགས་རམ་བཅས་བྱས་ཏེ། སྔར་ལས་དར་རྒྱས་དང་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་འདོད་ཡོད།

ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་དྲུག་པ་ཚེས19ཉིན་ཡུན་ནན་ཞིང་ཆེན་ཁུང་མིན་གྲོང་ཁྱེར་དུ་བསྡུས། ཐེངས་འདིའི་བརྗོད་དོན་ནི“གོ་སྐབས་གསར་པ་མཉམ་སྤྱོད་དང་འཕེལ་རྒྱས་གསར་པ་མཉམ་སྐྲུན་བྱེད”ཅེས་པ་དེ་ཡིན་ལ། ཐེངས་འདིའི་སྟོན་ཚོགས་ནི་ཚོང་དོན་པུའུ་དང་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་སྒྲུབ་བྱས་པ་རེད། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།