ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས17པར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ11པའི་ཚེས13ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཁམ་ཕུ་ཁྲེའི་ཅིན་པེན་དུ་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས17པར་ཞུགས་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས13ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཁམ་ཕུ་ཁྲེའི་ཅིན་པེན་དུ་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས17པར་ཞུགས་པ་རེད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་དེ་མིན་ཧན་གོའི་ཙུང་ཐུང་དབྱིན་ཞི་ཡུའེ། ཨ་རིའི་ཙུང་ཐུང་པའེ་ཏེང་། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཐེན་ཝུན་ཞུང་། ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨར་པ་ཉི་སི། ཞིན་ཞི་ལན་གྱི་ཙུང་ལི་ཨ་ཏེ་ཨེན། ཧིན་རྡུའི་སྲིད་འཛིན་གཞོན་པ་ཏན་ཁ་ཨར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་རོ་ཧྥུ་སོགས་ཚོགས་འདུར་ཞུགས། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད།

ལི་ཁེ་ཆང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་གནས་བབ་སྣ་མང་རྙོག་འཛིང་ཆེ་ལ། ནུས་རྒྱུ་དང་འབྲུ་རིགས། དངུལ་ལོ་སོགས་ཀྱི་ཉེན་ཁ་དང་འགྲན་སློང་བརྟན་བརླིང་མིན་པ་རེད།  དེ་དང་དུས་མཚུངས་སུ་རང་ས་ཁུལ་གྱིས་ཞི་བདེ་བརྟན་ལྷིང་ལ་སྤྱི་ཡོངས་ནས་རྒྱུན་འཁྱོངས་ཐུབ་པ་བྱུང་ཞིང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟབས་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མ་ལག་བརྟན་པོ་ཞིག་ཆགས་ཡོད། ས་ཁུལ་མི་དམངས་ཀྱིས་ཞི་བདེ་བརྩོན་ལེན་དང་འཕེལ་རྒྱས་དོན་གཉེར་བྱེད་པའི་རེ་འབོད་སྔར་ལས་ཆེ་རུ་ཕྱིན་ཡོད། ས་ཁུལ་དང་རྒྱལ་ཁབ་ཁག་གིས་ཕན་ཚུན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་སྤེལ་བ། ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱ་དགོས། ལི་ཁེ་ཆང་གིས་གྲོས་མགོ་གསུམ་བཏོན་པ་ནི། 

གཅིག་ནི་འཐབ་ཇུས་ཀྱི་གླེང་མོལ་རྒྱུན་འཁྱོངས་བྱས་ནས་འཛུགས་སྐྲུན་རང་བཞིན་ལྡན་པའི་མཉམ་འགུལ་སྤེལ་དགོས། མགོ་ཁྲིད་པས་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ཀྱི་གླེང་སྟེགས་ཤིག་ཡིན་པའི་ཆ་ནས་དབུ་ཚོགས་འདི་གླེང་མོལ་གྱི་སྟེགས་བུ་ཞིག་ཏུ་བསྒྱུར་ཏེ་ས་ཁུལ་དང་རྒྱལ་ཁབ་ཕན་ཚུན་བར་གླེང་མོལ་དང་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགལ་བ་རྣམས་འོས་འཚམ་སྒོས་ཐག་གཅོད་བྱེད་པ། འབྲེལ་ཐག་གཅོད་མི་རུང་བ་སོགས་ལས་གཞན་འགྲན་རྒོལ་གྱི་ཕྱོགས་སུ་དེ་བས་སྐྱོད་མི་རུང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་དང་གཏིང་ཟབ་ཏུ་གཏོང་ཆེད་ཆ་རྐྱེན་ཅི་བཟང་འདོན་སྤྲོད་བྱས་ཏེ། ཨེ་ཤེ་ཡ་ཤར་མའི་ཡུན་རིང་ཞི་བདེ་དང་བརྟན་ལྷིང་གི་རྨང་རྡོ་སྲ་བརྟན་དུ་གཏོང་འདོད་ཡོད།

གཉིས་ནི་གཉིས་ཕན་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ལག་གདང་མཉམ་སྦྲེལ་སྒོས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་། ཉོ་ཚོང་དང་མ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བ་མཐའ་འཁྱོངས། ས་ཁོངས་ཀྱི་ཕྱོགས་ཡོངས་དཔལ་འབྱོར་གྱི་རོགས་ཟླའི་འབྲེལ་བའི་ཆོད་ཡིག་ལག་བསྟར་བྱེད་པ།  ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་དང་བརྟན་བརླིང་ངང་ཤར་བགྲོད་ཐུབ་པར་སྲུང་སྐྱོང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། ནུས་ཁུངས་དང་འབྲུ་རིགས་བདེ་འཇགས་ལ་སྲུང་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་གི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་འཇལ་ཏེ་ས་ཁུལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

གསུམ་ནི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ་ཁོང་ཡངས་རང་བཞིན་གྱི་ས་ཁོངས་སྒྲོམ་གཞི་འཛུགས་དགོས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ཨེ་ཤ་ཡ་ཤར་མའི་མཉམ་ལས་སྒྲོམ་གཞིས་ཕྱོགས་སོ་སོའི་ཁེ་ཕན་ལ་བཟོད་སྒོམ་བྱེད་པ་དེ་ས་ཁུལ་གྱི་དོན་དངོས་དང་མཐུན་པ་རེད། སྒྲོམ་གཞི་འདི་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་རྒྱུན་ཆད་མེད་པར་ལེགས་བསྒྱུར་དང་འཐུས་ཚང་དུ་བཏང་ཆོག་མོད། འོན་ཀྱང་རྨང་རྡོ་ཡིན་པའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་ལ་བསྒྱུར་བཅོས་གཏོང་མི་རུང་ལ། ཕྱོགས་སོ་སོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཁྲོད་གཙོ་ཁྲིད་ཀྱི་གོ་གནས་འཛིན་པར་རྒྱབ་སྐྱོར་བྱ་དགོས། ཀྲུང་གོ་ཕྱོགས་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེར་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ལི་ཁེ་ཆང་གིས། ལྷོ་རྒྱ་མཚོའི་མཁའ་འགྲུལ་རང་དབང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཕྱོགས་སོ་སོའི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ཀྲུང་གོ་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་པའི་ཆ་ནས60%ཡི་ཉོ་ཚོང་དངོས་ཟོག་ཚང་མ་ལྷོ་རྒྱ་མཚོ་བརྒྱུད་དགོས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་རྒྱ་མཚོའི་ཞི་བདེ་བརྟན་ལྷིང་དང་གྲུ་ལམ་འཁོར་རྒྱུག་ལ་སྲུང་སྐྱོང་བྱ་རྒྱུའི་བསམ་ཚུལ་བཏོན་པ་དང་ལོ་ངོ20ལ་གྲོས་འཆམ་བཞག་པའི《ལྷོ་རྒྱ་མཚོའི་ཕྱོགས་ཁག་གི་བྱ་སྤྱོད་བསྒྲགས་གཏམ》གྱི་དགོངས་དོན་དང《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱ་མཚོའི་བཅའ་ཁྲིམས་ཀྱི་སྤྱི་ཆིངས》ཚུད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་གཞིར་བཟུང་སྟེ། གྲོས་མོལ་གཅིག་མཐུན་ཡོང་བའི་རྩ་དོན་གཞིར་བཟུང་ཐོག“ལྷོ་རྒྱ་མཚོའི་བྱ་སྤྱོད་ཀྱི་ཚད་གཞིའི”གྲོས་མོལ་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་འདོད་ཡོད།  ས་ཁུལ་དང་རྒྱལ་ཁབ་ཁག་གིས་ལྷོ་རྒྱ་མཚོ་དེ་ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ཀྱི་རྒྱ་མཚོ་ཞིག་ཏུ་བསྐྲུན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན།

ལི་ཁེ་ཆང་གིས། ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ40ལྷག་གི་རིང་ཐོབ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་དག་ནི་ཞི་བདེ་ཡིན་པའི་ཕྱི་རོལ་གྱི་ཁོར་ཡུག་དང་བརྟན་ལྷིང་ཡིན་པའི་ས་ཁུལ་ཁོར་ཡུག་ལས་བྱུང་བ་ཡིན་སྟབས་ཀྲུང་གོ་ཕྱོགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་རེད། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་བྱས་ཤིང་། ཞི་བདེའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས། གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་བསྟར་བཅས་བྱས་ཏེ། རང་ངོས་འཕེལ་རྒྱས་གཏོང་བའི་དུས་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་གོ་སྐབས་འདོན་སྤྲོད་བྱ་རྒྱུ་དང་། ཕྱོགས་སོ་སོ་དང་མཉམ་དུ་གླེང་མོལ་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཨེ་ཤ་ཡ་ཤར་མའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་དང་། ཐུན་མོང་ཐོག་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ལ་སྲུང་སྐྱོང་བྱ་འདོད་ཡོད་ཅེས་ནན་གྱིས་བསྟན།

ཚོགས་ཐོག་ཏུ། རྒྱལ་སྤྱི་དང་ས་ཁུལ་གྱིས་གླེང་མང་བའི་གནད་དོན་ལ་གཅིག་སྡུད་སྒོས་གྲོས་བསྡུར་བྱས། ཝུའུ་ཁེ་ལན་གྱི་ཉམས་ཉེན་སྐོར་ལ་ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ནས་ནམ་ཡང་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་བརྩི་འཇོག་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་། ཞི་བའི་སྒོ་ནས་ཉམས་ཉེན་ཐག་གཅོད་པར་ཧུར་ཐག་སྒོས་རྒྱབ་སྐྱོར། ཚུལ་མཐུན་གྱི་ཚོད་འཛིན་རྒྱུན་འཁྱོངས། ཉིང་རྡུལ་མཚོན་ཆ་བེད་སྤྱོད་དང་འཇིགས་སྐུལ་བྱེད་པར་ངོ་རྒོལ། ཉིང་རྡུལ་མཚོན་ཆ་བེད་སྤྱོད་བྱེད་མི་རུང་བ་དང་ཉིང་རྡུལ་མཚོན་ཆའི་དམག་འཁྲུག་བརྒྱག་མི་རུང་བ། ཞི་བདེའི་འཛམ་གླིང་གི་སྒྲིག་སྲོལ་ལ་སྲུང་སྐྱོང་བཅས་བྱེད་དགོས་ཚུལ་བསྟན། ལི་ཁེ་ཆང་གིས་ད་དུང་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་དང་འབར་མ་སོགས་ཀྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་རྩ་དོན་དང་ལངས་ཕྱོགས་རྒྱས་བཤད་གནང་བ་རེད།

ཚོགས་ཞུགས་མགོ་ཁྲིད་པས། མིག་སྔའི་རྒྱལ་སྤྱིའི་ཛ་དྲག་ཆེ་བའི་དུས་བབ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་ས་ཁུལ་དང་རྒྱལ་ཁབ་ཁག་གིས་རྡོག་རྩ་གཅིག་སྒྲིལ་དང་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གླེང་མོལ་མཉམ་ལས་བྱེད་པ་དང་སྒོ་དབྱེ་ཁོང་ཡངས་ཀྱི་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་དང་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས། ཨེ་ཤ་ཡ་ཤར་མའི་དབུ་ཚོགས་ཀྱིས་མུ་མཐུད་ནས་འཐབ་ཇུས་རང་བཞིན་ལྡན་པའི་གླེང་མོལ་དང་དོན་དངོས་རང་བཞིན་ལྡན་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བར་ནུས་པ་ཅི་ཡོད་འདོན་དགོས། ཨེ་ཤ་ཡ་ཤར་མའི་མཉམ་ལས་ཁྲོད་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གོ་གནས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། འབྲུ་རིགས། ཕན་ཚུན་སྦྲེལ་མཐུད། གྲངས་འཛིན་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཁ་གཏད་འཇལ་ཏེ། ཐུན་མོང་ཐོག་དཔལ་འབྱོར་སླར་གསོ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཞི་བདེ་དང་འཆམ་མཐུན། དར་རྒྱས་བཅས་ཡིན་པའི་ཨེ་ཤ་ཡ་ཤར་མའི་ས་ཁུལ་འཛུགས་སྐྱོང་བྱ་དགོས་པར་བསྟན།

ཞའོ་ཅེ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།