ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཀྲུང་གོ་དང་ཁམ་པུ་ཁྲེའི་རིག་གནས་ཤུལ་བཞག་བརྗེ་རེས་དང་མཉམ་ལས་ཀྱི་ལོ་ངོ30གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་དང་དབུ་བཞུགས་བློན་ཆེན་གཞོན་པ་ཞའེ་སའོ་ཕཱ་ལ་རྣམ་གཉིས་ཀྱི་འགྲོ་རོགས་འོག   ཞན་ལི་རུ་ཀྲུང་གོ་དང་ཁམ་པུ་ཁྲེའི་རིག་གནས་ཤུལ་བཞག་བརྗེ་རེས་དང་མཉམ་ལས་ཀྱི་ལོ་ངོ30གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་མ་ཟད། ཀྲུང་གོས་ཁམ་ཕུ་ཁྲེ་ལ་རོགས་སྐྱོར་བྱས་པའི་ཝུའུ་གུ་གནའ་ཤུལ་ཏེ་ཁྲ་ཅའི་དགོན་པའི་ཉམས་གསོ་ལས་གཞི་ལེགས་འགྲུབ་རྩིས་སྤྲོད་བྱེད་པའི་མཛད་སྒོར་ཞུགས།  

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས10ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་གྱི་དམིགས་བསལ་འཐུས་ཚབས་སམ་དབུ་བཞུགས་བློན་ཆེན་གཞོན་པ་ཞའེ་སའོ་ཕཱ་ལ་ཡི་འགྲོ་རོགས་འོག   ཞན་ལི་རུ་ཀྲུང་གོ་དང་ཁམ་པུ་ཁྲེའི་རིག་གནས་ཤུལ་བཞག་བརྗེ་རེས་དང་མཉམ་ལས་ཀྱི་ལོ་ངོ30གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་མ་ཟད། ཀྲུང་གོས་ཁམ་ཕུ་ཁྲེ་ལ་རོགས་སྐྱོར་བྱས་པའི་ཝུའུ་གུ་གནའ་ཤུལ་ཏེ་ཁྲ་ཅའི་དགོན་པའི་ཉམས་གསོ་ལས་གཞི་ལེགས་འགྲུབ་རྩིས་སྤྲོད་བྱེད་པའི་མཛད་སྒོར་ཞུགས་པ་རེད།  འདི་ནི་ལི་ཁེ་ཆང་དང་ཞའེ་སའོ་ཕཱ་ལ་རྣམ་གཉིས་ཀྱིས་ལས་གཞི་རྩིས་སྤྲོད་ཀྱི་འགེབ་བྱང་ཕྱེ་བཞིན་པའི་རྣམ་པ་རེད།

ལི་ཁེ་ཆང་གིས་ཐོག་མར་ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ཀྱིས་རིག་གནས་ཤུལ་བཞག་ཁྱབ་ཁོངས་སུ་རྒྱུན་མཐུད་ངང་མཉམ་ལས་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་།  གྲུབ་འབྲས་འགྲེམ་པང་གི་མདུན་ནས་རིག་དངོས་ཞིག་གསོ་ཐད་བཀོལ་བའི་ལག་རྩལ་དང་རྒྱུ་ཆ། རིག་དངོས་ཞིབ་འཇུག གནའ་ཤུལ་སྲུང་སྐྱོང་གི་བྱ་ཐབས་སྐོར་གྱི་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། རིག་གནས་ཤུལ་རྫས་ཐད་ཀྱི་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་གནས་ཚུལ་ལ་རྒྱུས་ལོན་བྱས། 

ལི་ཁེ་ཆང་གིས་རིག་དངོས་ཞིག་གསོའི་རྩིས་སྤྲོད་མཛད་སྒོའི་སྟེང་ཤིས་ཚིག་འབུལ་དུས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་རིག་གནས་ཤུལ་རྫས་ཀྱི་བརྗེ་རེས་དང་མཉམ་ལས་སྤེལ་ནས་ལོ་འཁོར30ལོན་པའི་ལོ་རེད། སྣ་མང་ཤེས་དཔལ་བར་བརྗེ་རེས་དང་ཁོང་ཡངས་མཉམ་ལས་བྱས་པས་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།  ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་རིག་གནས་འོད་སྟོང་ལྡན་སྟབས་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ནུས་གལ་ཆེན་ཡིན། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་རྣམས་ཕན་ཚུན་གྱི་རིག་གནས་ལ་རྒྱུས་ལོན་དང་ཤེས་རྟོག་བྱེད་པ་ནི་ཕྱོགས་གཉིས་ཀྱི་མཛའ་བརྩེ་སྲ་བརྟན་དུ་གཏོང་བའི་རྨང་གཞི་ཡིན། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་བར་གྱི་འགྲོ་འོང་ནི་རིག་གནས་མི་འདྲ་བ་འཕྲད་པ་ཞིག་ཡིན་ལ། མི་དང་མིའི་སེམས་ཁམས་བར་གྱི་འབྲེལ་འདྲིས་ཤིག་ཀྱང་ཡིན་པས། མིག་སྔའི་གནས་བབ་འོག་རྒྱལ་སྤྱིའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་བརླིང་ངང་ཤར་བགྲོད་ཐུབ་པར་ནུས་པ་གལ་ཆེན་ལྡན་པ་ཡིན།

ལི་ཁེ་ཆང་གིས་བསྟན་དོན། རིག་གནས་ཤུལ་རྫས་ལ་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་བརྗེ་རེས་དང་མཉམ་ལས་མཁོ་ལ། རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་དང་མི་རིགས་ཀྱི་མདུན་སྐྱོད་ཚང་མ་བརྗེ་རེས་མཉམ་ལས་དང་ཁ་བྲལ་ཐབས་མེད། ཀྲུང་གོས་ནམ་ཡང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་རྒྱུ་དང་། འཛམ་གླིང་གི་ཕུལ་དུ་བྱུང་བའི་ཤེས་རིག་གི་གྲུབ་འབྲས་མཐའ་དག་བསྡུ་ལེན་དང་དཔྱད་གཞིར་བཟུང་ནས་རྒྱལ་ཁབ་ཕན་ཚུན་བར་དཔལ་འབྱོར་དང་སྤྱི་ཚོགས། མི་ཆོས་ཀྱི་སྣང་ཚུལ་སྣ་ཚོགས་བཅས་ཚུད་པའི་ཁྱབ་ཁོངས་ཁག་བར་དངོས་གཉེར་མཉམ་ལས་བྱེད་འདོད་ཡོད་པ་མ་ཟད། དམངས་སེམས་ཕན་ཚུན་ཤེས་རྟོགས་དང་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་ནས་ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཡོང་བར་ལེགས་སྐྱེས་འབུལ་དགོས།

ཞའེ་སའོ་ཕཱ་ལ་ཡིས་ཁམ་ཕུ་ཁྲེ་དང་ཀྲུང་གོ་གཉིས་ནི་གྲོགས་པོ་ཡིན་པས་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་སྟབས་ཕན་ཚུན་བར་གྱི་མཉམ་ལས་དམ་ཟབ་ཀྱིས་ཁམ་ཕུ་ཁྲེ་མགྱོགས་མྱུར་སྒོས་འཕེལ་རྒྱས་ཡོང་བར་རོགས་རམ་བྱས་ཡོད། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོས་ཁམ་ཕུ་ཁྲེ་ཡི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་གཏོང་བར་ཧུར་ཐག་སྒོས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་མཐུན་དར་སྤེལ་གཏོང་བ་དང་མི་ཆོས་རིག་གནས་དང་མི་སྣ་བར་གྱི་སྤེལ་རེས་དམ་ཟབ་བྱས་ཏེ་ཁམ་ཕུ་ཁྲེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། 

ཞའོ་ཅེ་གོང་གི་བྱ་འགུལ་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།