ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་རྒྱུ་མ་ཟད་ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས8ཉིན་གྱི་དགོང་མོར། ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་གྱིས་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བསྡད་ནས་ཅིན་པེན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་ཞུགས་རྒྱུ་མ་ཟད་ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས8ཉིན་གྱི་དགོང་མོར། ཁམ་ཕུ་ཁྲེ་རྒྱལ་བོའི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཧུང་སིན་གྱིས་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་བསྡད་ནས་ཅིན་པེན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཏེ། ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་ཞུགས་རྒྱུ་མ་ཟད་ཁམ་ཕུ་ཁྲེ་ལ་དངོས་གཞིའི་འཚམས་འདྲི་གནང་རྒྱུ་རེད།  ཙུང་ལི་ལི་ཁེ་ཆང་གི་ལྕམ་མོ་ཁྲུན་ཧོང་དང་རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་ཞའོ་ཅེ་སོགས་འཁོར་དང་བཅས་པ་ས་དེར་འབྱོར། 

ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པ་ཧི་ནན་ཧོང་གིས་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁྲིད་ནས་གནམ་གྲུ་ཐང་དུ་བསུ་མ་བྱས་ཤིང་། གུས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ནས་གུས་འདུད་ཞུས། ས་དེའི་གཞོན་ནུས་ལི་ཁེ་ཆང་དང་ལྕམ་མོ་ཁྲུན་ཧོང་རྣམ་གཉིས་ལ་མེ་ཏོག་ཕུལ། ཁམ་ཕུ་ཁྲེ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝང་ཝུན་ཐེན་དང་ཤར་ཕྱོགས་མནའ་འབྲེལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཏིན་ཞི་ཅུན་གཉིས་ཀྱིས་གནམ་གྲུ་ཐང་དུ་ཕེབས་བསུ་གནང་། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་དང་ཆེས་ཆེ་བའི་ཉོ་ཚོང་གི་གྲོགས་པོ་ཡིན། མིག་སྔར་འཛམ་གླིང་དང་ས་ཁུལ་གྱི་གནས་བབ་རྙོག་འཛིང་ཆེ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་དང་། གཏན་ཁེལ་མེིན་པའི་རྒྱུ་རྐྱེན་ཇེ་མང་ནས་ཇེ་མང་ཡིན་སྟབས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་དེ་སྔོན་འཕྲད་མ་མྱོང་བའི་འགྲན་སློང་མང་པོར་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་འདིས་འཕེལ་རྒྱས་དང་མཉམ་ལས་ལ་རྐང་བཙུགས་ནས། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་རྒྱུན་འཁྱོངས་དང་། སྒོ་དབྱེ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས། ཐུན་མོང་ཐོག་གོ་ལ་ཧྲིལ་བོའི་ཐོན་ལས་སྦྲེལ་ཐག་བདེ་འཇགས་ངང་འཁོར་རྒྱུག་ཐུབ་པར་སྲུང་སྐྱོང་། གོ་ལ་རང་བཞིན་གྱི་འགྲན་སློང་ལ་ལག་རྡང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ། ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་དང་། ས་ཁོངས་དང་འཛམ་གླིང་གི་ཞི་བདེ་བརྟན་བརླིང་ལ་སྲུང་སྐྱོང་དང་འཕེལ་རྒྱས་གོང་འཕེལ་ལ་སྒུལ་ཤུགས་གསར་བ་འདོན་པར་རེ་ལྟོས་བྱེད་བཞིན་ཡོད། 

ལི་ཁེ་ཆང་གིས། ཀྲུང་གོ་དང་ཁམ་ཕུ་ཁྲེ་གཉིས་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ་སྲོལ་རྒྱུན་གྱི་མཛའ་བཤེས་གཏིང་ཟབ་པས་གཉིས་ཁེ་མཉམ་ལས་ཐད་ལ་མུ་མཐུད་ནས་འཕེལ་རྒྱས་གསར་བ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་འཚམས་འདྲི་བརྒྱུད་ཁམ་ཕུ་ཁྲེ་ཕྱོགས་དང་མཐུན་སྒྲིལ་མཛའ་གྲོགས་མཉམ་གླེང་དང་མཉམ་ལས་ཇུས་ཆེན་མཉམ་གྲོས་བྱས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྔར་ལས་གྲུབ་འབྲས་མང་པོ་ཐོབ་པར་སྐུལ་འདེད་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་བསྟན།

ཨེ་ཤ་ཡ་ཤར་མའི་མཉམ་ལས་མགོ་ཁྲིད་པའི་གྲོས་ཚོགས་ནང་ཞུགས་སྐབས། ལི་ཁེ་ཆང་ཐེངས25པའི་ཀྲུང་གོ་དང་ཤར་ཕྱོགས་མནའ་འབྲེལ(10+1)གྱི་མགོ་ཁྲིད་པའི་ཚོགས་འདུ་དང་ཐེངས25པའི་ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོ་ཉི་ཧོང་ཧན་གོ(10+3)ཡི་མགོ་ཁྲིད་པའི་ཚོགས་འདུ། སྐབས17པའི་ཨེ་ཤ་ཡ་ཤར་མའི་དབུ་ཚོགས་བཅས་ལ་ཞུགས་རྒྱུ་རེད། 

ཁམ་ཕུ་ཁྲེར་འཚམས་འདྲི་གནང་སྐབས། ལི་ཁེ་ཆང་གིས་རྒྱལ་བོ་ཞི་ཧྭ་མའོ་ཉི་དང་དབུ་བཞུགས་བློན་ཆེན་ཧུང་སིན་ལ་གྲོལ་མོལ་གནང་རྒྱུ་མ་ཟད། ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆའི་སྟེང་མིང་རྟགས་བཀོད་པར་བདེན་དཔང་བྱ་རྒྱུ་དང་། ཅིན་པེན་ནས་ཧྭ་ནུ་ཁུ་ལྷོ་མའི་གྲུ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་། ཀྲུང་གོས་ཁམ་ཕུ་ཁྲེ་ལ་རོགས་སྐྱོར་བྱས་པའི་ཝུའུ་གུ་གནའ་ཤུལ་ཏེ་ཁྲ་ཅའི་དགོན་པའི་ཉམས་གསོ་ལས་གཞི་ལེགས་གྲུབ་དངོས་སྤྲོད་བྱེད་པ་སོགས་ཀྱི་བྱ་འགུལ་ནང་ཞུགས་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།