ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་དང་ཝང་དབྱང་རྣམ་གཉིས་ཀྱིས་སོ་སོར་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས1ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་རྣམ་གཉིས་ཀྱིས་ཏའོ་ཡུ་ཐེ་རྒྱལ་ཁབ་མགྲོན་ཁང་ནས་སོ་སོར་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཐུག་འཕྲད་གནང་། 

པར་འདི་ནི་ཟླ11པའི་ཚེས1ཉིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཏའོ་ཡུ་ཐེ་རྒྱལ་ཁབ་མགྲོན་ཁང་དུ་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ལི་ཀྲན་ཧྲུའུ་ཡིས་ཐུག་འཕྲད་གནང་སྐབས་བསྟན་དོན། ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཐུག་འཕྲད་གནང་སྐབས། ཐུན་མོང་གི་ལྟ་ཚུལ་མང་པོ་བྱུང་སྟབས་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་ཤིང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལས་དོན་ལ་སྒུལ་ཤུགས་ཆེན་པོ་བཏོན་པ་རེད། ལི་ཀྲན་ཧྲུའུ་ཡིས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་དང་དོན་སྙིང་གལ་ཆེན་རེ་རེ་ངོ་སྤྲོད་གནང་བ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ནས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་དང་ལེན་བྱེད་བཞིན་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་འོག་ཡིད་ཆེས་བརྟན་པོས་ཀྲུང་གོ་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་འབྱུང་བར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུ་ཡིན་ལ། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སྔར་ལས་ལྷག་པར་ཡོ་ནན་རྒྱལ་ཚོགས་དང་བརྗེ་རེས་དང་མཉམ་ལས་དམ་ཟབ་བྱས་ཏེ། དུས་རབས་གསར་བའི་ཀྲུང་ཡོ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཀྱི་རོགས་ཟླའི་འབྲེལ་བར་ནུས་ཤུགས་འབུལ་རྒྱུ་ཡིན་ཚུལ་བསྟན།

རོན་ཧྥུའུ་ཀྲུང་གིས་བསྟན་དོན། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་བརྗེ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་མི་སྣ་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ“བློ་མཐུན་དང་སྤུན་ཟླ”ཞེས་པའི་ཀྲུང་གོ་དང་ཡོ་ནན་བར་གྱི་མཛའ་མཐུན་མཉམ་ལས་ལ་གྲུབ་འབྲས་གསར་བ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡུའེ་ཡུའེ་ཐུག་འཕྲད་ཚོགས་འདུར་ཞུགས།

པར་འདི་ནི་ཟླ11པའི་ཚེས1ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཏའོ་ཡུ་ཐེ་རྒྱལ་ཁབ་མགྲོན་ཁང་དུ་ཡོ་ནན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཝང་དབྱང་གིས་ཐུག་འཕྲད་གནང་སྐབས་བསྟན་དོན། ཁ་སང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་རྣམ་གཉིས་ཀྱིས་ཐུག་འཕྲད་གནང་སྐབས་ཐུན་མོང་གི་ངོས་འཛིན་གང་མང་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཚོགས་ཆེན་ཉི་ཤུ་པ་གྲོལ་མ་ཐག་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུའུ་ཀྲུང་ལ་ཀྲུང་གོ་རུ་དངོས་གཞི་འཚམས་འདྲི་ཕེབས་པར་སྣེ་ལེན་བྱས་པ་འདི་ཀྲུང་གོ་དང་ཡོ་ནན་གཉིས་ཀྱི“བློ་མཐུན་དང་སྤུན་ཟླ”ཡི་དམིགས་བསལ་འབྲེལ་བར་མཐོང་ཆེན་བླ་མེད་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ལ་མཐོང་ཆེན་གནང་པ་མཚོན་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར་བྱེད་བཞིན་ཡོད་པས། ཡོ་ནན་མེས་རྒྱལ་གྱི་འཐབ་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་མི་སྣ་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུ་དང། ཀྲུང་གོ་དང་ཡོ་ནན་བར་གྱི་སྲོལ་རྒྱུན་མཛའ་བརྩེ་རྒྱུན་འཛིན་དང་དར་སྤེལ། རིམ་པ་ཁག་གི་མཛའ་བརྩེ་འབྲེལ་འདྲིས་གཏིང་ཟབ་དུ་གཏོང་བ། སྲིད་ཞུགས་སྲིད་གླེང་སོགས་ཁྱབ་ཁོངས་ཀྱི་བྱ་བའི་ཉམས་མྱོང་སྤེལ་རེས་བཅས་བྱས་ཏེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཧུར་ཐག་སྒོས་ལེགས་སྐྱེས་འབུལ་དགོས། 

རོན་ཧྥུའུ་ཀྲུང་གིས་ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པས་གཞུང་ལུགས་དང་ལག་ལེན་གྱི་གྲུབ་འབྲས་གལ་ཆེན་མང་པོ་བླངས་པར་རྟེན་འབྲེལ་ཞུས་ཤིང་། ཡོ་ནན་མེས་རྒྱལ་འཐབ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་དང་མཉམ་དུ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་ནུས་ཤུགས་དང་རྒྱལ་ཁབ་ཕྱི་ནང་གི་ཐོན་ཁུངས་གཅིག་ཏུ་བསྒྲིལ་པ། ཡོ་ནན་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་དྲུང་ཡིག་ཆེན་མོ་ལི་པིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཝེ་ཐུག་འཕྲད་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།