ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-11-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་གུང་པེ་ཅིན་གྲོང་ཁྱེར་ཏང་ཨུ་བཅས་ཀྱིས་ཚེས31ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམ་སྟོན་ཁང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་ཚོགས་འདུ་པེ་ཅིན་དུ་བསྡུས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཡིས་སྙན་ཞུ་ཕུལ་བ་རེད།

ལི་ཧྲུའུ་ལེ་ཡིས་སྙན་ཞུའི་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ཞིབ་བཤད་གནང་སྟེ། འདས་ཟིན་པའི་ལོ་ལྔའི་བྱ་བ་དང་དུས་རབས་གསར་བའི་ལོ་བཅུའི་འཕོ་འགྱུར་རླབས་ཆེན་ངོ་སྤྲོད་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྟག་ཐབས་སྨྲ་བ་དང་དུས་རབས་གསར་བ་དང་བགྲོད་ལམ་གསར་བའི་ཏང་གི་འགན་འཁྲི་དང་ལས་འགན་གསལ་བཤད་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་དང་རང་ངོས་གསར་བརྗེ་ཡིས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་བླང་བྱ་གཙོ་བོ་ཀློག་འགྲེལ་བྱས། 

ཁོང་གིས་བསྟན་དོན། དུས་རབས་གསར་བའི་འཕོ་འགྱུར་རླབས་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། "གཏན་ཕབ་གཉིས"ཀྱི་གཏན་ཁེལ་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ཏེ།  “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གུང་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་དམིགས་འབེན་ལས་འགན་དོན་འཁྱོལ་ཐུབ་པར་བྱེད་དགོས། 

སྙན་ཞུ་ལས་དོན་དངོས་སྟོན་པ་དང་གནས་ལུགས་བཤད་པའི་ཐབས་ལམ་ལ་བརྟེན་ནས་ཉན་མཁན་གྱིས་ཚོགས་ཆེན་གྱི་དགོངས་དོན་ལ་གོ་བ་ལེན་ཚུལ་གཏིང་ཟབ་དུ་བཏང་། ཚང་མས་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། ཕྱོགས་ཡོངས་ནས་སློབ་སྦྱོང་དང་དངོས་འབེབས་བྱེད་པར་ཤུགས་བསྣན་ཏེ། བྱ་སྤྱོད་དངོས་ཀྱིས་ཚོགས་ཆེན་སྟེང་བཏོན་པའི་དམིགས་འབེན་ལས་འགན་དོན་འཁྱོལ་བྱེད་དགོས་པར་བསྟན།

སྙན་ཞུ་ཚོགས་འདུ་དེ་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཉིན་རྒྱུན་བྱ་བར་དོ་དམ་བྱེད་པའི་ཀྲུའུ་ཅི་གཞོན་པ་ཝུའུ་ཧན་ཅན་གྱིས་མགོ་འཛིན་གནང་བ་དང་། པེ་ཅིན་གྱི་ཏང་སྲིད་དམག་ལས་ཁུངས་ཀྱི་ལས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་དང་མཐོ་རིམ་སློབ་གྲྭའི་འགན་འཁུར་པ། གཞུང་ལུགས་ལས་དོན་པ་དང་ལས་རིགས་སོ་སོའི་མང་ཚོགས་ཀྱི་འཐུས་མི་བསྡོམས་པས་མི800ལྷག་ཚོགས་འདུར་ཞུགས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།