ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་ཁག་གིས་རིམས་འགོག་དྲ་རྒྱ་ཚགས་དམ་པོར་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནང་སོག་དང་ཞིན་ཅང་། ཧྲང་ཧའེ་སོགས་ཀྱིས་རིམས་འགོག་དྲ་རྒྱ་ཚགས་དམ་པོར་བཙུགས་པ་དང་། རིམས་འགོག་ལས་དོན་མུ་མཐུད་དུ་ཡག་པོ་སྒྲུབ་སྟེ། རིམས་ནད་མཆེད་ཐག་མཐའ་གཅིག་ཏུ་བཀག་འགོག་བྱེད་བཞིན་ཡོད།

ཚེས9ཉིན་ནང་སོག་ཧུའུ་ཧེ་ཧའོ་ཐེ་གྲོང་ཁྱེར་གྱིས་ཤིན་ཁྲེང་ཆུས་དང་། ཧུའེ་རིགས་ཆུས། ཡུས་ཆོན་ཆུས། སའེ་ཧན་ཆུས། ཝུའུ་ཁྲོན་རྫོང་ཁོངས་ཡོངས། ཐུའུ་ཙོ་ཆི་ཅིན་ཁྲོན་ཁུལ་ཁོངས། ཆི་རྫོང་གཞན་དག་གི་ཉེན་ཁ་ཆེ་འབྲིང་ས་ཁུལ་བཅས་སུ་ས་ཁོངས་གཙོ་བོའི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་བཞིན་ཡོད།

རིམས་འགོག་ཚོད་འཛིན་དང་དམངས་འཚོའི་དངོས་ཟོག་མཁོ་སྤྲོད་འགལ་བ་མེད་པར་འགན་ལེན་བྱ་ཆེད། ཧུའུ་ཧེ་ཧའོ་ཐེ་ཡིས་ཟོག་འདྲེན་ཆེད་སྤྱོད་བགྲོད་ལམ4དང་དངོས་ཟོག་བར་འགྲེམས་ས་ཚིགས6བཀོད་སྒྲིག་བྱས་ཤིང་། འགྲོ་སྐྱོད་ལག་འཁྱེར་ཁྲི3ཙམ་སྤྲད་དེ་དངོས་ཟོག་སྐྱེལ་འདྲེན་སྟབས་བདེ་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

ཞིན་ཅང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱི་ཀྲ་ཀྲ་ཐི་ཀྲ་དཱ་ཡིས། ཞིན་ཅང་གི་ས་ཁུལ་དང་གྲོང་ཁྱེར་མང་པོའི་སྡེ་ཁུལ་ནང་གི་རིམས་ནད་མཆེད་ཐག་བཀག་ཚར་མེད། ས་གནས་ཁག་དང་ལས་ཁུངས་ཁག་གིས་རིམས་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་པར་སྐུལ་མ་གཏོང་དགོས། ལོགས་བཀར་སྐྱེལ་འདྲེན་ལ་ཤུགས་བསྣན་ནས། སྐྱེལ་འདྲེན་ལས་དོན་གྱི་ལམ་སྲོལ་འཐུས་ཚང་དང་། བྱ་བའི་ཇུས་གཞི་ཞིབ་ཚགས་བཟོ་བ། སྐྱེལ་འདྲེན་ལས་དོན་གྱི་བརྒྱུད་རིམ་ཁ་གསལ་བཏང་སྟེ། སྐྱེལ་འདྲེན་བརྒྱུད་རིམ་བདེ་འཇགས་དང་གོ་རིམ་ལྡན་པར་འགན་ལེན་བྱེད་པ་དང་། རིམས་ནད་ཕྱི་ནས་ནང་ལ་མཆེད་པར་བཀག་འགོག་ནན་མོ་བྱེད་པ། ཞིན་ཅང་ནས་ཕྱིར་སྐྱོད་པར་ཞིབ་དཔྱད་དང་། གཅིག་སྡུད་ལོགས་དབྱེའི་ལྟ་ཞིབ། ས་ཚིགས་ནས་ས་ཚིགས་བར་གྱི་སྐྱེལ་འདྲེན་བྱེད་པའི་འགྲིམ་འགྲུལ་ས་ཚིགས་དང་མྱུར་བགྲོད་གཞུང་ལམ་གྱི་འཛུལ་སྒོ་ལ་ཞིབ་དཔྱད་ཞིབ་བཤེར་དང་། ཟོག་འདྲེན་ཁ་ལོ་བའི་གདུབ་ཟུམ་དོ་དམ་སོགས་ཀྱི་བྱ་ཐབས་གཙོ་བོ་དག་ནན་སྤེལ་བྱེད་དགོས་ཞེས་བཤད།

ཚེས9ཉིན་ཧྲང་ཧའེ་གྲོང་ཁྱེར་གྱིས་བརྡ་ཁྱབ་བཏང་སྟེ། ཉེ་ཆར་ཧྲང་ཧའེ་གྲོང་ཁྱེར་དུ་ས་གནས་གདགས་གཤིས་མི་སྣའི་ཁྲོད། མང་ཆེ་བ་ནི་ཧྲང་ཧའེ་རུ་ཡོང་མཁན་དང་ཧྲང་ཧའེ་རུ་ལོག་མཁན་རེད། ཧྲང་ཧའེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ཐའོ་ཡིས། ཧྲང་ཧའེ་རུ་ཡོང་མཁན་དང་ཧྲང་ཧའེ་རུ་ལོག་མཁན་ཚོས་རིམས་འགོག་ལས་ཁུངས་ལ་གཞོགས་འདེགས་གང་ལེགས་བྱས་ནས། འབྲེལ་ཡོད་ཆ་འཕྲིན་སྐོང་བ་དང་། རིམས་ནད་རིག་པའི་གྲལ་བཤེར་བྱེད་པ། བདེ་ཐང་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། རྒྱལ་ནང་གི་རིམས་ནད་དང་འབྲེལ་བའི་ས་ཁུལ་ནས་ཧྲང་ཧའེ་རུ་ཡོང་མཁན་དང་། ཧྲང་ཧའེ་རུ་ལོག་མཁན་ཚོས། ཧྲང་ཧའེ་རུ་སླེབས་རྗེས། གང་མགྱོགས་སམ་ཆུ་ཚོད12ནང་ཚུན་དུ་རང་ཉིད་གནས་སའི་སྡོད་ཁུལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ལས་ཁུངས་སམ་སྡོད་སའི་མགྲོན་ཁང་ལ་སྙན་ཞུ་འབུལ་དགོས་པ་མ་ཟད། ལོགས་བཀར་ལྟ་ཞིབ་དང་བདེ་ཐང་ལྟ་ཞིབ་ཚད་ལེན། ཉིང་སྐྱུར་བརྟག་དཔྱད་སོགས་འབྲེལ་ཡོད་བདེ་ཐང་དོ་དམ་བྱ་ཐབས་ཡག་པོ་བསྒྲུབ་དགོས་པའི་དྲན་སྐུལ་གནང་།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།