ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས་ཀྲུང་གོ་ཕྱོགས་ཀྱིས་ད་ལོར་ད་དུང་གསེར་གྱོམ་རྒྱལ་ཁབ་ཀྱི་ཚོགས་འདུ་དང་བྱེད་སྒོ30ལྷག་གཙོ་གཉེར་བྱ་རྒྱུ་ཡིན་ཞེས་གསུངས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག 2022ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ད་བར་ཚོགས་འདུ་དང་བྱེད་སྒོ130ཙམ་གྲུབ་འབྲས་ལྡན་པའི་སྒོ་ནས་གཉེར་ཡོད། ད་ལྟ་ནས་ལོ་མཇུག་བར་དུ་ད་དུང་གསེར་གྱོམ་རྒྱལ་ཁབ་ཀྱི་ཚོགས་འདུ་དང་བྱེད་སྒོ་ཁག་30ལྷག་གཙོ་གཉེར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝང་ཝུན་པིན་གྱིས་བཤད་རྒྱུར། ཀྲུང་གོ་ནི2022ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན། ད་ལོ་ནས་བཟུང་ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཁག་ནན་ཏན་ངང་ཡག་པོར་བསྒྲུབས་ནས། གསེར་གྱོམ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ད་བར་དུ་བདེ་བླག་ངང་ཚོགས་འདུ་དང་བྱེད་སྒོ་ཁག130ཙམ་གཉེར་ཟིན་པ་དང་། ཟླ9པ་ཁོ་ནར་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོགས་པ་དེའི་ནང་ཡུལ་སྐོར་པུའུ་ཀྲང་རིམ་པའི་ཚོགས་འདུ་དང་ནུས་རྒྱུའི་པུའུ་ཀྲང་རིམ་པའི་ཚོགས་འདུ། གནོད་འཚེ་དོ་དམ་པུའུ་ཀྲང་ཚོགས་འདུ་སོགས་ཚུད་ཡོད་ཟེར།

ཝང་ཝུན་པིན་གྱིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་འཛུགས་པར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། “གསེར་གྱོམ+”མཉམ་ལས་བྱེད་སྟངས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེ་བས་མང་པོས་བྱེད་སྟངས་འོས་འཚམ་གྱི་ཐོག་ནས་གསེར་གྱོམ་མཉམ་ལས་ནང་ཞུགས་པར་སྐུལ་འདེད་བཏང་བ་རེད། མིག་སྔའི་བར་ཀྲུང་གོ་ཕྱོགས་ཀྱིས་གཙོ་གཉེར་བྱས་པའི“གསེར་གྱོམ+”བྱེད་སྒོ་ཐེངས20ལྷག་སྤེལ་བ་དེའི་ནང་ཕྱི་འབྲེལ་པུའུ་ཀྲང་ཚོགས་འདུ་དང་། དཔལ་འབྱོར་ཚོང་དོན་པུའུ་ཀྲང་ཚོགས་འདུ། འཕྲོད་བསྟེན་པུའུ་ཀྲང་ཚོགས་འདུ་སོགས་མཐོ་རིམ་ཚོགས་འདུ་ཚུད་ཡོད་ལ། དབུལ་པོ་ཉུང་གཏོང་དང་བཟོ་ལས་དྲ་སྦྲེལ་དང་གཞི་གྲངས་བཟོ་སྐྲུན། རིག་མཛོད་དང་དམངས་ཁྲོད་སྤྱི་ཚོགས་སོགས་ཁྱབ་ཁོངས་ཀྱི་བྱེད་སྒོའང་ཚུད་ཡོད། “གསེར་གྱོམ+”མཉམ་ལས་བྱེད་སྟངས་དེས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཉམ་ལས་ཀྱི་སྟེགས་བུ་གསར་པ་ཞིག་མཁོ་འདོན་བྱས་པ་དང་། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པས། གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་དང་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད་ཟེར།

“ད་ལྟ་ནས་ལོ་མཇུག་བར། ཀྲུང་གོ་ཕྱོགས་ཀྱིས་ད་དུང་གསེར་གྱོམ་རྒྱལ་ཁབ་ཀྱི་ཚོགས་འདུ་དང་བྱེད་སྒོ་ཁག30ལྷག་གཙོ་གཉེར་བྱ་རྒྱུ་ཡིན”ཞེས་ཝང་ཝུན་པིན་གྱིས་བསྟན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་ཁོངས་མིའི་རྒྱལ་ཁབ་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ད་ལོའི་ཟླ6པར་འཚོགས་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣའི་མཇལ་འཛོམས་ཐེངས་བཅུ་བཞི་པའི་གྲུབ་འབྲས་དང་ཐུན་མོང་ངོས་འཛིན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱས་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་པ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་པོ་གསབ་སྣོན་བྱེད་འདོད་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།