ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ(རྒྱལ་ཁབ་སྤྱི་གླིང་ཅུའུ)ཡི《རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ནོར་སྲིད་སྲིད་ཇུས་ཀྱི་བསམ་འཆར་འགའ》བརྒྱུད་སྤེལ་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ(རྒྱལ་ཁབ་སྤྱི་གླིང་ཅུའུ)ཡི《རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ནོར་སྲིད་སྲིད་ཇུས་ཀྱི་བསམ་འཆར་འགའ》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བརྒྱུད་སྤེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་ནོར་སྲིད་འགན་ལེན་ལམ་ལུགས་འཛུགས་པར་སྐུལ་འདེད་བཏང་བ་རེད།

《བསམ་འཆར》ནང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་རྒྱུ་དེ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱེད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། མ་འཇོག་འགན་ལེན་གནད་ལ་འཁེལ་བ་དང་མ་དངུལ་སྤྱི་འདོམས་དོན་འཁྱོལ། ཁྲིད་སྟོན་དང་སྐུལ་ཁྲིད་གནད་འཁེལ། ལས་ཕྱོད་དོ་དམ་དམིགས་སར་འཁྱོལ་བ་བཅས་ཀྱི་ནོར་སྲིད་འགན་ལེན་ལམ་ལུགས་འཛུགས་པ་བཅས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་ངང་འཛུགས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པ། སྐྱེ་ཁམས་དཔལ་ཡོན་དང་མཛེས་སྡུག་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་འདེགས་ནུས་ལྡན་བྱེད་དགོས་ཞེས་བསྟན།

《བསམ་འཆར》ནང་། བྱ་ཐབས་སྣ་མང་མཉམ་སྤྱོད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་མཐའ་འཁྱོངས་བྱས་ནས། གཏོང་སྒོའི་འགན་འཁྲི་གསལ་པོ་བཟོ་བ་དང་མ་དངུལ་སྣ་མང་སྤྱི་འདོམས་བྱས་ཏེ། “རིགས་གཅིག་ལ་སྲིད་ཇུས་གཅིག”ལག་ལེན་བསྟར་བ་དང་རིགས་དབྱེ་སྒོས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། སྔོན་རྩིས་ཀྱི་ལས་ཕྱོད་ལ་དོ་སྣང་དང་ལྟ་སྐུལ་དོ་དམ་ལ་ཤུགས་དྲག་ཏུ་གཏོང་དགོས། 2025ལོར་སླེབས་སྐབས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་ནོར་སྲིད་འགན་ལེན་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་རྒྱུ་དང་། 2035ལོར་སླེབས་སྐབས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་གི་ནོར་སྲིད་འགན་ལེན་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད།

《བསམ་འཆར》ནང་ཕྱོགས་ལྔའི་ཐད་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་གཙོ་གནད་ཁ་ཕྱོགས་གཏན་འཁེལ་བྱས་པ་དེའི་ནང་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཉམས་གསོ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཁོར་རྒྱུག་དོ་དམ་ལ་རྒྱབ་སྐྱོར། རྒྱལ་ཁབ་སྤྱི་གླིང་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར། ཚན་ཞིབ་དང་ཚན་རིག་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོར་རྒྱབ་སྐྱོར་བཅས་དང་དེ་བཞིན་རྒྱལ་སྤྱིའི་མཉམ་ལས་དང་སྤྱི་ཚོགས་དེའི་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་བཅས་ཚུད་ཡོད་པ་རེད།

《བསམ་འཆར》ནང་། ཕྱོགས་ལྔའི་ཐད་ནས་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་མ་ལག་འཛུགས་པ་ཁ་གསལ་བཏོན་ཡོད་དེ། གཅིག་ནི་རྒྱལ་ཁབ་སྤྱི་གླིང་གི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་ལུགས་མཐུན་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་བྱེད་པའི་ལས་དོན་ཞིབ་ཕྲ་རྣམས་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་ཀྱི་དོན་གཅོད་དབང་ཆར་ཞིབ་གསལ་སྒོས་གཏན་འཁེལ་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་སོ་སོས་བབ་མཚུངས་ཀྱི་གཏོང་སྒོའི་འགན་འཁྲི་འཁུར་དགོས། གཉིས་ནི་ནོར་སྲིད་མ་དངུལ་གྱི་གཏོང་ཆ་དང་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་དགོས། ནོར་སྲིད་ཀྱིས་མ་དངུལ་གཏོང་བ་གཙོར་བྱས་པའི་སྣ་མང་ཅན་གྱི་མ་དངུལ་འགན་སྲུང་ལམ་ལུགས་འཛུགས་དགོས། གསུམ་ནི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྤོ་སྤྲོད་བྱེད་ཤུགས་རིམ་བཞིན་ཆེ་རུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་། བརླན་ས་སོགས་ཁྱབ་ཁོངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། བཞི་ནི་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དང་སྲིད་གཞུང་གི་ལྗང་མདོག་ཉོ་སྒྲུབ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། ཆ་རྐྱེན་འཛོམས་པའི་ཁེ་ལས་སམ་ཡང་ན་མི་སྒེར་གྱིས་ཞལ་འདེབས་རྒྱག་པར། གཏན་འབེབས་ལྟར་དེ་མཚུངས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་ལོངས་སྤྱོད་བྱེད་ཆོག་པ་དང་། སྲིད་གཞུང་གི་ལྗང་མདོག་ཉོ་སྒྲུབ་སྲིད་ཇུས་ཀྱི་བླང་བྱ་དང་མཐུན་པའི་ཐོན་རྫས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནི་སྣ་མང་ཅན་གྱི་མ་དངུལ་གྲབས་གསོག་ལམ་སྲོལ་གསར་གཏོད་ཧུར་ཐག་བྱེད་དགོས། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ནང་ཞུགས་པའི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་ཀྱི་ཧུར་སེམས་སྐུལ་སློང་དང་། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་གསར་སྤེལ་སྒྲིག་གཞིའི་མ་དངུལ་སྤྱད་དེ་འབྲེལ་ཡོད་ཁྱབ་ཁོངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།

《བསམ་འཆར》ནང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འགན་འཁྲིའི་བྱེད་པོ་དོན་འཁྱོལ་བྱས་ནས། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ནོར་སྲིད་པུའུ་ཡིས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ(རྒྱལ་ཁབ་སྤྱི་གླིང་ཅུའུ)སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་གི་ནོར་སྲིད་འགན་ལེན་གྱི“1+N”ལམ་ལུགས་མ་ལག་བཙུགས་ཡོད། ལས་ཕྱོད་དོ་དམ་བྱེད་ཐབས་གཏན་འབེབས་དང་། ལས་ཕྱོད་གདེང་འཇོག་བྱས་འབྲས་བཀོལ་སྤྱོད་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་རྩིས་ལག་བསྟར་ཕན་འབྲས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཕན་འབྲས་ལ་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།