ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ངང2022ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཀུན་སྤྱོད་དང་སློབ་སྲོལ་འཛུགས་སྐྱོང་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་སློབ་གསོ་པུའུ། ཚན་རྩལ་པུའུ་སོགས་སྡེ་ཚན་བརྒྱད་ཀྱིས་ཉེ་དུས་བརྡ་ཐོ་དཔར་འགྲེམ་བྱས་ཏེ2022ལོའི་རྒྱལ་ཡོངས་ཀྱི་ཚན་རིག་ཀུན་སྤྱོད་དང་སློབ་སྲོལ་འཛུགས་སྐྱོང་གི་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་མཉམ་དུ་སྤེལ་ནས། ཐབས་ལམ་མང་པོ་དང་རྣམ་པ་མང་པོའི་སྒྲོག་འགྲེལ་སློབ་གསོའི་བྱ་འགུལ་སྤེལ་བ་བརྒྱུད། རྒྱ་ཆེའི་དགེ་སློབ་དང་ཚན་རྩལ་ལས་དོན་པར་ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བར་ཁྲིད་སྟོན་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་རིག་གཞུང་ཁོར་ཡུག་མཉམ་དུ་བསྐྲུན་ནས་སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་བརྩི་མཐོང་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཆགས་སུ་འཇུག་རྒྱུ་རེད།

ད་ལོའི་དྲིལ་བསྒྲགས་ཟླ་བས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་རྒྱལ་ཡོངས་ཀྱི་ཚན་རིག་ཀུན་སྤྱོད་དང་སློབ་སྲོལ་འཛུགས་སྐྱོང་གི་སྒྲོག་འགྲེལ་སློབ་གསོའི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་། སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་བརྙན་ལམ་ཐོན་ཁུངས་གཅིག་ཏུ་བསྡུས་ཏེ་མཐོ་སློབ་དང་སློབ་གླིང་ལ་ཕྱོགས་ནས་སྒྲོག་འགྲེལ་སྙན་ཞུ་སྤུས་ལེགས་ཀྱི་བརྙན་ལམ་དང་སློབ་སྲོལ་གྱི་སློབ་ཚན་རྩེ་གྲ་སྐོར་ཞིག་བཏོན་པ་རེད།

དྲིལ་བསྒྲགས་ཟླ་བའི་རིང་། ད་དུང་ཚན་རིག་པའི་བསམ་བློ་སྒྲོག་འགྲེལ་ཚོགས་པ་རྩ་འཛུགས་བྱས་ནས་སློབ་གྲྭར་བསྐྱོད་དེ་ཁེ་ལས་ཀྱི་བྱ་འགུལ་ཁྲོད་ཞུགས་པ་དང་། རིག་གཞུང་ལོ་རྒྱུས་ཀྱི་གོམ་པ་དང་པོ་ལེགས་པོར་སྤོ་བའི་སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པ། “ཚན་རྩལ་མི་ཆོས་ཀྱི་འཐབ་ས་མདུན་མར་གླེང་བ”བཅས་ཀྱི་རྒྱལ་ཡོངས་ཀྱི་རྩོམ་བསྡུའི་འགྲན་བསྡུར་ཆེན་མོ་སོགས་སྤེལ་རྒྱུ་རེད། འབྲེལ་ཡོད་བྱ་འགུལ་ཟླ9པའི་ཟླ་མཇུག་ཏུ་སྔ་རྗེས་སུ་སྤེལ་མགོ་ཚུགས་པ་དང་། ཟླ10བ་དང་ཟླ11པར་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ཁྱད་ལྡན་བྱ་འགུལ་གཅིག་བསྡུས་ངང་སྤེལ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།