ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་དང་གྲོང་གསེབ་པུའུ་ཡིས་མིག་སྔའི་ཕག་ཤའི་ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ཡོད་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཕག་པ་གསོ་ཚགས་དང་མཁོ་འདོན་གྱི་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་ནས། རྒྱུད་སྤེལ་མོ་ཕག་གི་གསོག་ཉར་གྲངས་འབོར་རྒྱུན་གཏན་གྱི་ཆུ་ཚད་དུ་སླེབས་པ་དང་། ཕག་པ་བཤས་གཏོང་ཚད་བསྟུད་མར་ཟླ་བ་ལྔ་རིང་འཕར་ནས་གཞི་ཁྱོན་ལྡན་པའི་ཕག་གསོ་ར་བའི་ནང་ཕག་པ་བཤས་གཏོང་ཚད་དང་ཕག་ཕྲུག་གི་གྲངས་འབོར་ན་ནིང་གི་དུས་མཉམ་གྱི་ཆུ་ཚད་ལས་མཐོ་བ་ཡོད་པ་དང་། དུས་མཇུག་ཏུ་ཁྲོམ་རར་ཞུགས་པའི་ཕག་ཤ་འདང་ངེས་དང་ཁྲོམ་རའི་མཁོ་སྤྲོད་ལ་འགན་ལེན་བྱས་ཡོད།

ཚེས26ཉིན། ཞིང་ལས་གྲོང་གསེབ་པུའུ་ཡིས་པེ་ཅིང་དུ་སྡེ་ཚན་གྱི་མཐུན་སྦྱོར་ཚོགས་འདུ་འཚོགས་ནས། དུས་ཚིགས་བཞི་པའི་ཕག་པ་མཁོ་སྤྲོད་འགན་ལེན་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཚོགས་འདུའི་ཐོག་ཕག་པ་གསོ་ཚགས་དང་ཐོན་སྐྱེད་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་དུས་ཚིགས་བཞི་པ་དང་ལྷག་པར་དུ་དུས་ཆེན་དང་གུང་སེང་གལ་ཆེན་རིང་ཕག་ཤ་བརྟན་བརླིང་ངང་མཁོ་འདོན་ཐུབ་པར་འགན་ལེན་བྱ་རྒྱུ་རེད།

ཚོགས་འདུས་ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁུར་སེམས་ཆེ་རུ་བཏང་ནས་ཕག་པ་དང་ཐོན་འབབ་བརྟན་བརླིང་ངང་མཁོ་སྤྲོད་འགན་ལེན་བྱེད་པའི་གཙོ་གནད་ལས་དོན་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་ཆ་འཕྲིན་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་མོ་ཕག་གསོག་ཉར་དང་ཕག་པ་བཤས་གཏོང་སོགས་འགག་རྩའི་དམིགས་ཚད་ལ་དམིགས་ནས། ཆ་འཕྲིན་ཡོངས་བསྒྲགས་ཐེངས་གྲངས་མང་དུ་བཏང་སྟེ་ཐོན་སྐྱེད་ལ་ཁྲིད་སྟོན་ནུས་ལྡན་བྱེད་དགོས། གནད་འཁེལ་སྒོས་ཕྱོགས་བསྡུས་སྙོམས་སྒྲིག་བྱས་ཏེ་ཐོན་སྐྱེད་དང་ཁྲོམ་ར། ནང་འདྲེན་སོགས་ལྷུ་ཚིགས་མང་པོའི་ཐོག་ནས་མཐུན་སྦྱོར་ངང་ཐབས་ཇུས་འདོན་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག གསོ་ཚགས་ཐད་སྤྱོད་པའི་ས་ཆ་དང་ཁོར་ཡུག་སྲུང་སྐྱོང་། དངུལ་བུན་སོགས་ཕུགས་ཕན་རང་བཞིན་གྱི་རྒྱབ་སྐྱོར་སྲིད་ཇུས་སྔར་བས་དོན་འཁྱོལ་ཡག་པོ་བྱས་ཏེ། གསོ་ཚགས་ཀྱི་སྔོན་དཔག་བརྟན་བརླིང་དུ་གཏོང་དགོས། ཨ་ཧྥེ་རི་ཁའི་ཕག་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ་རིམས་ནད་ཕྱིར་མི་མཆེད་པར་འགན་ལེན་བྱེད་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།