ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས《བསྐྱར་དར་རིག་མཛོད》ལ་འགོ་བརྗོད་བྲིས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱེད་ཉེར་ཡོད་པའི《བསྐྱར་དར་རིག་མཛོད》ཅེས་པར《བསྐྱར་དར་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱེད་དགོས》ཞེས་པའི་འགོ་བརྗོད་བྲིས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་རྒྱུས་སྦྱངས་ནས་གླེགས་བམ་བརྩམས་པ་དང་། ལོ་རྒྱུས་ལ་བརྟེན་ནས་བློ་གྲོས་འཕེལ་བ། རིག་གནས་ལ་བརྟེན་ནས་མི་སྐྱོང་བ་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་སྐྱོང་བའི་སྲོལ་རྒྱུན་ཞིག་རེད། 《བསྐྱར་དར་རིག་མཛོད》རྩོམ་སྒྲིག་བྱས་པ་ནི་ཏང་ཀྲུང་དབྱང་གིས་ལག་བསྟར་ཆོག་མཆན་གནང་བའི་རིག་གནས་ཀྱི་བཟོ་འགོད་གལ་ཆེན་ཞིག་ཡིན། རང་རེའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་སྐབས། གླེགས་བམ་འདི་དཔེ་སྐྲུན་བྱས་པས་ང་ཚོས་ལོ་རྒྱུས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་བ་དང་། དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་དམ་འཛིན་བྱས་ཏེ། ཀྲུང་གོའི་བགྲོད་ལམ་ཐོག་ལེགས་པར་བསྐྱོད་པ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་འཛམ་གླིང་ཐོག་ཆེས་རླབས་ཆེ་བའི་མི་རིགས་ཤིག་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་དང་ཡར་རྒྱས་ཆེད་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། ཉེ་རབས་ཀྱི་རྗེས་སུ། ཀྲུང་ཧྭ་མི་རིགས་ལ་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་ཐེབས། དུས་དེ་ནས་བཟུང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་རྒྱུ་དེ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུགས་འདུན་རླབས་ཆེ་ཤོས་སུ་གྱུར་པ་རེད། སྤྱོད་བཟང་ཕུགས་འདུན་ཆེ་བའི་མི་སྣ་གྲངས་མེད་ཀྱིས་དམ་བཅའ་འགྱུར་མེད་སེམས་ལ་བཅངས་ཤིང་། གོང་འོག་འཚོལ་ཞིབ་དང་ངར་སྐད་བསྒྲགས་ནས་སྤོབས་པ་ཆེར་སྐྱེད་ཀྱིས་འགོག་རྒོལ་བྱས། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྔོན་འགྱེལ་རྗེས་མཐུད་དང་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་ཤིང་། མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བའི་བགྲོད་ལམ་ཡང་དག་རྙེད་པ་དང་། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ཀྱི་ལོ་རྒྱུས་དུས་སྐབས་སོ་སོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ཡར་ལངས་པ་དང་ཕྱུག་པོ་གྱུར་པ། སྟོབས་ཆེན་ཆགས་པ་བཅས་ཀྱི་འཕུར་མཆོང་རླབས་ཆེན་བསུས་ནས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་བརྗིད་ཆགས་ཉམས་ལྡན་གྱི་ལོ་རྒྱུས་ཀྱི་ལེའུ་བརྩམས་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བར་སྔར་བྱུང་མྱོང་མེད་པའི་འོད་སྟོང་འབར་བའི་མདུན་ལམ་མངོན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ཡང་དག་པའི་བགྲོད་ལམ་གྱི་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། མི་དམངས་དུང་ཕྱུར་མང་པོའི་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཚེ། ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་ལས་དབང་རང་ཉིད་ཀྱི་ལག་ཏུ་བརྟན་པོ་འཛིན་ཐུབ་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་ཡོད་ལ་མུ་མཐུད་དུ་ར་སྤྲོད་བྱེད་ཐུབ་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། བསྐྱར་དར་རླབས་ཆེན་མངོན་འགྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད། ཀྲུང་ཧྭ་མི་རིགས་ཀྱི་སྔོན་ཐོན་མི་སྣ་དང་ཕུལ་བྱུང་བུ་བུ་མོ་ཚོས་མི་རབས་ནས་མི་རབས་བར་འཚོལ་ཞིབ་དང་འབད་འཐབ། རང་སྲོག་བློས་གཏོང་། གསར་གཏོད་བཅས་བྱས་ནས། ལོ་རྒྱུས་ཀྱི་རིན་ཐང་གལ་ཆེན་དང་དུས་རབས་ཀྱི་དོན་སྙིང་ལྡན་པའི་ཡིག་ཚགས་རྩ་ཆེན་འབོར་ཆེན་བཞག་ཡོད། 《བསྐྱར་དར་རིག་མཛོད》ཅེས་པའི་ལོ་རྒྱུས་ཀྱི་ཡིག་ཚགས་ཆེ་གྲས་རྩོམ་སྒྲིག་དང་པར་སྐྲུན་བྱ་རྒྱུ་ནི་ཉེ་རབས་ཚུན་གྱི་བསམ་བློ་དང་ཡིག་ཚགས་གལ་ཆེན་བདམས་བསྒྲིགས་བྱས་ནས། སྔོན་རབས་པས་གསར་སྤེལ་བྱས་ཚུལ་དང་རྗེས་འཇུག་པས་འབད་འཐབ་བྱས་ཚུལ་འགོད་དགོས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་འགྱུར་ལྡོག་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོས་ལོ་རྒྱུས་མེ་ལོང་དུ་བཟུང་སྟེ་འདས་སོང་དང་མ་འོངས་པར་བརྟག་དཔྱད་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱས་པའི་རྨང་གཞིའི་ཐོག་ཀྲུང་གོའི་ཉེ་རབས་ཀྱི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ཀྲུང་གོའི་ལོ་རྒྱུས་སློབ་སྦྱོང་ཡག་པོ་བྱེད་དགོས། ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་བ་གསལ་བོར་ཤེས་དགོས་ལ། ཀྲུང་གོའི་གུང་ཁྲན་ཏང་མིས་ཅི་ཞིག་བྱེད་བཞིན་ཡོད་པ་དང་། གང་ཞིག་བྱས་ཟིན་པ། ཅི་ཞིག་བྱེད་རྩིས་ཡོད་པ་བཅས་གསལ་པོར་ཤེས་དགོས། སྔོན་ཆད་ང་ཚོར་ལེགས་འགྲུབ་བྱུང་བའི་རྒྱུ་མཚན་གང་ཡིན་པ་དང་། མ་འོངས་པར་ཇི་ལྟར་བྱས་ན་ད་གཟོད་མུ་མཐུད་དུ་ལེགས་འགྲུབ་འབྱུང་ཐུབ་པ་གསལ་བོར་ཤེས་དགོས། རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་རིག་གནས་ཀྱི་རང་རྟོགས་ཇེ་ཆེར་གཏོང་བ། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་སྒོས་གཞན་སྒྱུར་དང་གསར་གཏོད་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། ལོ་རྒྱུས་ཀྱི་སྙིང་བཅུད་བསྡུ་ལེན་བྱས་ཏེ་རིགས་པའི་གཞུང་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་ལེགས་པའི་སྒོ་ནས་ཀྲུང་གོའི་རིག་གཞུང་དར་རྒྱས་གཏོང་བ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བ། ཀྲུང་གོའི་བསམ་བློ་བརྒྱུད་སྤེལ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕུགས་བསམ་དད་སེམས་སྲ་བརྟན་དུ་གཏོང་བ་དང་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དུས་རབས་གསར་པར་སྔར་བས་ལེགས་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ང་ཚོ་མི་རབས་འདིའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ནས་ང་ཚོ་མི་རབས་འདིར་དབང་བའི་བྱས་རྗེས་དང་གཟི་བརྗིད་གཏོད་དགོས། 

《བསྐྱར་དར་རིག་མཛོད》ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བརྗོད་དོན་གཙོ་བོར་བྱས་ཤིང་། བསམ་བློའི་ལོ་རྒྱུས་གཞི་རྩའི་ཁུངས་སྣེར་བྱས་ཏེ། 1840ལོའི་ཉལ་ཐའི་དམག་འཁྲུག་ཚུན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་འབྲེལ་བའི་ཡིག་ཚགས་གལ་ཆེན་ཧྲག་འདེམས་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཚབ་མཚོན་བྱེད་པའི་ཀྲུང་ཧྭའི་ཕུལ་བྱུང་བུ་ཕྲུག་གིས་རྒྱལ་ཁབ་འབྱོར་ཕྱུག་དང་། མི་རིགས་དར་རྒྱས། མི་དམངས་བདེ་སྐྱིད་བཅས་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་ལོ་རྒྱུས་ཀྱི་རྗེས་ཤུལ་ཁྱོན་ཡོངས་ནས་བཀོད་ཡོད། 《བསྐྱར་དར་རིག་མཛོད》ལ་ཁྱོན་ལེ་ཚན་ལྔ་ཡོད་ལ། དེའི་ནང་ལེ་ཚན་དང་པོ་དང་གསུམ་པ་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།