ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བར་ཞུགས་པའི་འཐུས་མི་ཡོངས་རྫོགས་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་འཐུས་མིའི་འདེམས་བསྐོ་ལས་དོན་ཡོངས་སུ་ལེགས་འགྲུབ་བྱུང་ལ། རྒྱལ་ཡོངས་ཀྱི་འདེམས་བསྐོ་ལས་ཁུངས་སོ་སོས་ཏང་གི་འཐུས་མི་ཚོགས་ཆེན་དང་ཏང་གི་འཐུས་མིའི་གྲོས་ཚོགས་བསྡུས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་ཞུགས་པའི་འཐུས་མི2296འདེམས་བསྐོ་བྱུང་བ་རེད།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་འཐུས་མི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ནས། ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ངོ་བོ་དང་དགོངས་དོན་རྒྱུན་འཁྱོངས་དང་། ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་བསྣན་ཏེ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བ་དང་། ཏང་ཀྲུང་དབྱང་གི་འཐུས་མིའི་འདེམས་བསྐོ་བྱ་བ་ལེགས་པོར་སྒྲུབ་པའི་བླང་བྱ་ལྟར། འོག་ནས་གོང་བར་དང་གོང་འོག་ཟུང་འབྲེལ་བྱེད་པ། ཡང་བསྐྱར་ནང་མོལ་དང་རིམ་པ་བཞིན་འདེམས་སྒུག་བཅས་ཀྱི་བྱེད་ཐབས་སྤྱད་དེ་བྱུང་བ་ཡིན།

བདམས་ཐོན་བྱུང་བའི་འཐུས་མི་རྣམས་སྤྱིའི་ཆ་ནས་ཏང་ཀྲུང་དབྱང་གི་གཏན་འབེབས་ཀྱི་ཆ་རྐྱེན་དང་མཐུན་པ་དང་། བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་ཅུང་མཐོན་པོ་དང་སྤྱོད་ཚུལ་དང་ཀུན་སྤྱོད་ཡག་པོ། གཞུང་དོན་གྲོས་བསྡུར་གྱི་ནུས་པ་ཆེན་པོ་བཅས་ཡོད་པ་མ་ཟད། རང་གི་ལས་གནས་སྟེང་གྲུབ་འབྲས་མངོན་གསལ་བླངས་པས། དེ་དག་ནི་ཀྲུང་ཁྲན་ཏན་ཡོན་ཁྲོད་ཀྱི་ཕུལ་བྱུང་མི་སྣ་ཡིན། འཐུས་མིའི་སྒྲིག་གཞི་དང་ཁྱབ་ཚུལ་ཅུང་ལུགས་མཐུན་ཡིན་ལ། གྲུབ་ཆའི་བསྡུར་ཚད་སོ་སོ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན་ལ། ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ལྡན། ཁོ་ཚོའི་ཁྲོད་ཏང་ཡོན་གྱི་མགོ་ཁྲིད་ལས་བྱེད་པ་ཡོད་ཅིང་། ཐོན་སྐྱེད་དང་བྱ་བའི་ལས་ཡུལ་དང་པོའི་ཏང་ཡོན་ཡང་ཡོད་པ་མ་ཟད། གྲངས་ཀ་ངེས་ཅན་གྱི་བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཡང་ཡོད། དེའི་ཁྲོད་དཔལ་འབྱོར་དང་ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ་དང་སྤྱི་ཚོགས་དོ་དམ་བཅས་ཁྱབ་ཁོངས་སོ་སོའི་འཐུས་མི་ཡོད།

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བར་ཞུགས་པའི་འཐུས་མིའི་ཐོབ་ཐང་ལ་སྐབས་དེར་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་བའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་གཏན་འཁེལ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།