རྒྱལ་ཡོངས་སྲིད་གྲོས་ཀྱིས《ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས21ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་ནས《ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག》ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད་པ་མ་ཟད་གསུང་བཤད་གནང་།

ཝང་དབྱང་གིས། སྲོལ་ཡིག་འདི་ནི་ཀྲུང་གུང་ཀྲུང་དབྱང་གིས་ཆེད་དུ་ཆབ་སྲིད་གྲོས་མོལ་བྱ་བ་ཚད་ལྡན་ཅན་དུ་གཏོང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ཞིག་ཡིན་པའི་ཆ་ནས། ཁྲིམས་སྲོལ་ནང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ཆབ་སྲིད་གྲོས་མོལ་བྱ་བར་མཐོ་ཚད་ནས་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་གནང་བ་མཚོན་ཡོད། སྲོལ་ཡིག་ནང་དུས་ཡུན་རིང་བོ་ཞིག་གམ་ལྷག་པར་དུ་ཀྲུང་གུང་སྐབས་བཅོ་བརྒྱད་པ་ཚུན་གྱི་ཆབ་སྲིད་གྲོས་མོལ་བྱ་བའི་ཕུན་སུམ་ཚོགས་པའི་ལག་ལེན་དང་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་གཅིག་ཏུ་འདུས་པ་ནི་ཆབ་སྲིད་གྲོས་མོལ་བྱ་བའི་གཞི་རྩའི་བསྲུང་བྱ་དང་དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གིས་ཚན་རིག་དང་མཐུན་པའི་སྲིད་སྐྱོང་དང་དམངས་གཙོ་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་གནང་པའི་མཚོན་བྱེད་གལ་ཆེན་ཡིན་སྟབས། ཏང་གིས་ཁྱོན་ཡོངས་སྣེ་ཁྲིད་དང་ཁྱོན་ཡོངས་སྲ་བརྟན་ལ་ཤུགས་སྣོན་པ། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་དང་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ། རྒྱལ་ཁབ་ཀྱིས་དེང་རབས་ཅན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་ཅེས་བསྟན།

ཝང་དབྱང་གིས་བསྟན་དོན། ཟླ3ལྷག་གི་སློབ་སྦྱོང་བྱས་པ་བརྒྱུད་ཚང་མས་སྔར་ལས་ལྷག་པར་མི་དམངས་སྲིད་གྲོས་དང་ཆབ་སྲིད་གྲོས་མོལ་གྱི་ནང་དོན་ལ་གོ་བ་ཡང་དག་དང་ཁོང་དུ་ཆུད་པར་བྱས་པ་མ་ཟད། མི་དམངས་སྲིད་གྲོས་ཀྱི་ངོ་བོའི་གནས་ཚད་མཐའ་འཁྱོངས་བྱེད་པ་དང་། མི་དམངས་སྲིད་གྲོས་དེ་ལམ་ལུགས་ཅན་གྱི་ཆབ་སྲིད་གྲོས་མོལ་གྱི་སྟེགས་བུའི་ནུས་པ་ཇེ་ཆེར་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ཐད་སྤེལ་བའི་ཆབ་སྲིད་གྲོས་མོལ་ལ་རྩ་འཛུགས་ནན་མོ་བྱེད་པ། སྔར་ལས་ལྷག་པར་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ཐད་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ཆེད་དུ་གྲོས་མོལ་སྒྲིག་གཞི་འཛུགས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། གྲོས་མོལ་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གཅིག་སྡུད་དང་ཐུན་མོང་གི་ངོས་འཛིན་ལ་བརྟེན་ནས་མཐུན་སྒྲིལ་སྲ་བརྟན་དུ་གཏོང་བ་མཐའ་འཁྱོངས་བྱས་ཏེ། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བརྒྱུད་ནས་ཏང་གི་འདོད་ཚུལ་དང་ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་རྣམས་མི་དམངས་སྲིད་གྲོས་ལ་ཞུགས་པའི་ཏང་ཤོག་དང་ཚོགས་པ། མི་རིགས། ལས་རིགས་ཁག་གི་མི་སྣའི་ཐུན་མོང་ངོས་འཛིན་དུ་འགྱུར་རྒྱུ་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་དགོས།

ཝང་དབྱང་གིས་སྲོལ་ཡིག་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན། སྲིད་གྲོས་ཏང་ཙུའུ་ཡིས་རང་རྟོགས་སྒོས་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་ལས་དོན་ལ་མགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་ལ། མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱིས་སྣེ་ཁྲིད་པའི་བྱེད་ཐབས་དང་། ཆེད་དུ་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཆེད་དོན་གྲོས་མོལ་ཚོགས་འདུ་དེ་གཙོ་གནད་དུ་འཛིན་རྒྱུ། རིགས་མི་འདྲ་བའི་གྲོས་མོལ་ཚོགས་འདུ་དེ་རྒྱུན་རྣམ་ཅན་གྱི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བྱེད་སྟངས་སུ་བསྒྱུར་རྒྱུ། གཙོ་གནད་རང་བཞིན་གྱི་གྲོས་མོལ་དང་རྒྱུན་གཏན་རང་བཞིན་གྱི་གྲོས་མོལ་བར་གཅིག་ཕན་གཅིག་གྲོགས་ཐུབ་པ་བྱས་ཏེ་བྱ་བའི་ལག་ལེན་དང་ལམ་ལུགས་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས། སྲོལ་ཡིག་ལ་སློབ་སྦྱོང་དང་དྲིལ་བསྒྲགས། གསོ་སྦྱོང་བཅས་ཀྱི་བྱ་བ་བཟང་བོ་བསྒྲུབ་རྒྱུ་དང་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་གྲོས་མོལ་བྱ་རིམ་ཚད་ལྡན་ཅན་དུ་གཏོང་རྒྱུ། ཚན་རིག་དང་མཐུན་པའི་སྒོ་ནས་གྲོས་མོལ་གྱི་འཆར་གཞི་བཟོ་རྒྱུ། བྱ་བའི་ཇུས་གཞི་ཞིབ་ཚགས་ཅན་དུ་གཏོང་རྒྱུ། གྲོས་མོལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུ། ཏང་ཡོན་ཨུ་ཡོན་གྱི་ཆབ་སྲིད་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཀྲུང་གུང་ཀྲུང་དབྱང་གིས་ཆབ་སྲིད་གྲོས་མོལ་བྱ་བའི་ཐད་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་རྣམས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ཝན་ཀང་། ལི་པིན། ཀྲིན་ཅན་པང་། ཧྲང་ཧྥུའུ་ལིང་། ཝང་ཝེ་ཀོང་། སུང་ཆིན་ཅུའུ། ལིང་དབྱི་ཧྥུའུ། ཀྲང་ཧྲུའུ་ཧྭ་བཅས་ཀྱིས་གླེང་མོལ་གཏམ་བཤད་གནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཆི་པའོ་དང་ལུའུ་ཀྲན་ཀུང་། མཱ་པེའོ། ཁྲེན་ཞའོ་ཀོང་། པ་ཐེར། སུའུ་ཧུའེ། ཀུའུ་ཧྲེང་ཙུའུ། ཧོ་ཝེ། ཧྲའོ་ཧུང་བཅས་ཚོགས་འདུར་ཞུགས་པ་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།