ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་སོ་སོས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་བཞིན་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚོགས་ཆེན་ཉི་ཤུ་པར་བསུ་མ་ཞུ། ས་གནས་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བསུ་མ་ཞུ་བཞིན་ཡོད། 

ས་གནས་ཁག་གིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་འགྲོར་རྩིས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ། སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་བཞིན་ཡོད། 

ཧོ་པེ་ཞིང་ཆེན་ཞིང་ཐའེ་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཏུང་ཝང་གྲོང་རྡལ་ཝུའུ་ཅ་ཀྲོང་གྲོང་ཚོར། ཆུ་བོ་བསྐྱར་དུ་འཕྱུར་རྗེས་ཀྱི་ཁྱི་མགོ་ཆུ་མིག་གི་རླབས་ཕྲེང་དལ་གྱིས་གཡོ་ཞིང་། མཆུ་སེར་ཆུ་སྐྱ་དཀར་པོ་བཅུ་ལྷག་ཙམ་གྱིས་བག་ཕེབས་ངང་ཆུ་ངོས་སུ་གཟན་འཚོལ་བ་དང་རྩེད་འཇོར་རོལ་བཞིན་མཆིས། སུང་ཧྲེང་ཏ་ནི་རང་ས་རང་ཡུལ་དུ་སྐྱེས་པའི་ཞིང་ཐའེ་བ་ཞིག་ཡིན་པ་དང་། ཆུ་མིག་དེའི་འགྲམ་ནས་འཚར་ལོངས་བྱུང་བ་ཡིན། ཁོང་གི་དྲན་ཤེས་ནང་། དུས་རབས་གོང་མའི་ལོ་རབས80པ་ནས་བཟུང་། ཆུ་མིག་དེ་རིམ་བཞིན་སྐམ། ལོ་བཅུ་ཕྲག་ཁ་ཤས་ཀྱི་རྗེས་སུ་ཆུ་མིག་བསྐྱར་དུ་རྡོལ་བའི་ཡུལ་ལྗོངས་དེ་འདྲ་བསྐྱར་དུ་མཐོང་རྒྱུ་ཡོད་པ་ཁོང་གི་བློའི་ཡུལ་དུ་ཡང་འཁོར་མ་མྱོང་།

ཞིང་ཐའེ་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ས་འོག་གི་ཚད་བརྒལ་བེད་སྤྱོད་བྱེད་པའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད“ཆུ་མིག་གྲོང་ཁྱེར”དེའི་ཆུ་མིག་རྒྱུན་མཐུད་ངང་བརྟན་ཐོག་བསྐྱར་དུ་བཞུར་རྒྱུ་བྱུང་། མིག་སྔར་ཉིན་རེར་ཆ་སྙོམས་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི6རྡོལ་བ་དང་། མུའུ790ཟིན་པའི་ཆུ་རྒྱ་གྲུབ། ཆུ་རྒྱ་དང་ཆུའི་མཐོ་ཚད་གཉིས་ཀ་ལོ་རྒྱུས་ཀྱི་ཚད་མཐོ་ཤོས་སུ་སླེབས།

བསྟུད་མར་ཉིན་ཤས་རིང་། ནང་སོག་ཨེའར་ཏུའོ་སི་གྲོང་ཁྱེར་ཏ་ལ་ཐེ་ཆི་རྫོང་དུ་གནས་པའི་པུའུ་ཨེར་ག་སི་ཐའེ་ཀའུ་སུའུ་ཐེ་འདམ་རགས་ལས་གྲྭ་དུས་ཚོད་དམ་འཛིན་ངང་བསྐྲུན་བཞིན་ཡོད། འདམ་རགས་བསྐྲུན་རྗེས། ལོ་ལྟར་འདམ་བྱེ་སྨི་རྒྱ་དཔངས་གྲུ་བཞི་ཁྲི1.5འགོག་ཐུབ། ཉེ་བའི་ལོ་ཤས་རིང་། ཨེའར་ཏུའོ་སི་གྲོང་ཁྱེར་གྱིས་ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་བས། ས་ཁོངས་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་དེ“སེར་པོའི་ཁྲོད་ནས་ལྗང་མདོག་འཚོལ་བ”ནས“ལྗང་མདོག་ཁྲོད་ནས་སེར་པོ་འཚོལ་བའི”བར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་།

ཧུའུ་པེ་ཝུའུ་ཧན་དུ། ས་སྲོད་ཀྱི་འབྲི་ཆུའི་འགྲམ་དུ། ཀྲུང་གོ་ས་གཤིས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁྲེན་ཀང་གིས་སློབ་མའི་སྣེ་ཁྲིད་དེ་ཆུ་དཔྱད་བྱེད་བཞིན་ཡོད། ཉེ་བའི་ལོ་བཅུའི་རིང་། ཁྲེན་ཀང་གིས་སློབ་མ་ཚོའི་སྣེ་ཁྲིད་དེ། འབྲི་ཆུའི་ཆུ་མགོར་ཐེངས20ལྷག་ལ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པར་བསྐྱོད་པས། རི་སྔོ་ཆུ་དྭངས་ཀྱི་སྐྱེ་ཁམས་ངོ་མཚར་བ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བ་དེར་ར་སྤྲོད་མཁན་ཞིག་ཏུ་གྱུར་ཡོད། ཁོང་གིས། ལོ་བཅུའི་གོང་དང་བསྡུར་ན། འབྲི་ཆུའི་ཆུ་མགོའི་རྩྭ་ཐང་རྒྱ་ཇེ་ཆེ་རུ་ཕྱིན་ཅིང་། རྩྭ་སྔར་བས་སྔོ་རུ་ཕྱིན། ཆུ་ལམ་ཇེ་ཡངས་དང་ཆུ་སྤུས་སྔར་བས་ཇེ་ལེགས་སུ་ཕྱིན། འཚོ་བའི་ཁོར་ཡུག་ལྡབ་འགྱུར་གྱིས་ཇེ་ལེགས་སུ་ཕྱིན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་གྲབས་ཡོད་པས། ང་ཚོ་དགེ་སློབ་ཚང་མས་རེ་བ་ཆེན་པོ་འཆང་བཞིན་ཡོད། མ་འོངས་པའི་ཀྲུང་གོ་སྔར་བས་རི་སྔོ་ཆུ་དྭངས་ཡོང་བར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།