ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་མངགས་འཐུས་ཚབ་ཝང་ཆི་ཧྲན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པའི་འདས་མཆོད་ལ་ཞུགས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་སྲིད་གཞུང་གིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་མངགས་འཐུས་ཚབ་སྟེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པའི་འདས་མཆོད་ལ་ཞུགས།

1.jpg

 པར་འདི་ནི་ས་གནས་དེའི་དུས་ཚོད་ཚེས19ཉིན་གྱི་སྔ་དྲོར། ཝང་ཆི་ཧྲན་རྒྱལ་ཁབ་སོ་སོའི་གཙོ་འཛིན་དང་དབྱིན་ཇི་གོང་མ་ཚང་གི་ཁོངས་མི། སྲིད་གཞུང་གི་འཐུས་མི་བཅས་དང་མཉམ་དུ་ཝེ་སི་མིན་སི་ཐི་ཆོས་ཁང་ཆེན་མོའི་ནང་བསྡུས་པའི་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་ཡི་འདས་མཆོད་ལ་ཞུགས་པའི་ཡུལ་དངོས་ཡིན།

ས་གནས་དེའི་དུས་ཚོད་ཚེས18ཉིན་གྱི་ཕྱི་དྲོར། ཝང་ཆི་ཧྲན་དབྱིན་ཇིའི་གྲོས་ཚོགས་ཐོག་ཁང་ཆེན་མོར་ཕེབས་ནས། དབྱིན་ཇིའི་རྒྱལ་མོ་ཡི་སྐུ་གདུང་གི་གྱེས་ཕྱག་མཛད་སྒོར་ཞུགས། ཚེས19ཉིན་གྱི་སྔ་དྲོར། ཝང་ཆི་ཧྲན་རྒྱལ་ཁབ་སོ་སོའི་གཙོ་འཛིན་དང་དབྱིན་ཇི་གོང་མ་ཚང་གི་ཁོངས་མི། སྲིད་གཞུང་གི་འཐུས་མི་བཅས་དང་མཉམ་དུ་ཝེ་སི་མིན་སི་ཐི་ཆོས་ཁང་ཆེན་མོའི་ནང་བསྡུས་པའི་དབྱིན་ཇིའི་རྒྱལ་མོའི་འདས་མཆོད་ལ་ཞུགས།

ཝང་ཆི་ཧྲན་གྱིས་དབྱིན་ཇི་ཕྱོགས་ལ་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་སྐུ་གཤེགས་པ་དང་། དབྱིན་ཇི་རྒྱལ་ཡོངས་སྡུག་བསྔལ་གྱིས་མནར་བཞིན་པའི་སྐབས་འདིར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཁོང་གི་ཁྱད་མངགས་འཐུས་ཚབ་ལ་མངོགས་བཅོལ་བྱས་ནས་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་རྒྱལ་མོ་ཁོང་གི་འདས་མཆོད་ལ་ཆེད་མངགས་བྱས་པ་དེའི་སྟེང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་བཅས་ཀྱིས་དབྱིན་ཇིའི་གོང་མ་ཚང་དང་སྲིད་གཞུང་། མི་དམངས་བཅས་ལ་བཅངས་པའི་མཛའ་བརྩེ་ལེགས་པར་མཚོན་ཡོད། རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་ནི་དབྱིན་ཇིའི་ལོ་རྒྱུས་སྟེང་རྒྱལ་མོར་འདུག་ཡུན་ཆེས་རིང་ཤོས་ཡིན་ལ། ཁོ་མོ་ནི་དུས་རབས་ཀྱི་འཕོ་འགྱུར་གྱི་དཔང་མི་ཡིན་ལ། དབྱིན་ཇིའི་རྒྱལ་ཁབ་ཀྱི་སྙིང་སྟོབས་དང་གོང་བུར་འགྲིལ་ཤུགས་ཀྱི་མཚོན་རྟགས་ཤིག་ཡིན་པར་མ་ཟད། དབྱིན་ཇིའི་མི་དམངས་ཀྱི་གོང་བཀུར་ཆེན་པོ་ཐོབ་ནས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཁྲ་ཨེར་སི་སྐུ་ཕྲེང་གསུམ་པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་དེ་བཞིན་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་མོ་སྐུ་གཤེགས་པར་མྱ་ངན་ཞུས་ཏེ། དབྱིན་ཇིའི་གོང་མ་ཚང་དང་སྲིད་གཞུང་། མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན་ཞེས་བསྟན།

རྒྱལ་པོ་ཁྲ་ཨེར་སི་སྐུ་ཕྲེང་གསུམ་པས་ཀྲུང་གོ་ཕྱོགས་ལ་ངག་འཕྲིན་བསྐུར་ནས། ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ་བྱས་ཏེ་དབྱིན་ཇིའི་རྒྱལ་མོའི་འདས་མཆོད་ལ་ཞུགས་པར་བཀའ་དྲིན་ཞུས། དབྱིན་ཇིའི་གོང་མ་ཚང་གིས་ཀྲུང་གོའི་མགོ་ཁྲིད་པའི་བར་གྱི་མཛའ་མཐུན་ལ་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། དབྱིན་ཇི་དང་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་མཐོང་ཆེན་གང་ལེགས་བྱེད་ཀྱིན་ཡོད། མ་འོངས་པར་ཀྲུང་གོ་ཕྱོགས་དང་རྒྱུན་མཐུད་འཕེལ་རྒྱས་དང་དེ་བཞིན་ཁྱབ་ཁོངས་གཞན་དག་ཁྲོད་མུ་མཐུད་དུ་དུ་མཉམ་ལས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཞོན་པ་ཁོ་ཧྥེ་ཡིས་དབྱིན་ཇི་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཆི་ཧྲན་དབྱིན་ཇིའི་རྒྱལ་མོའི་འདས་མཆོད་ལ་ཞུགས་པར་ཐུགས་རྗེ་ཆེ་ཞུས།  རྒྱལ་མོ་མཆོག་སྐུ་ན་བཞུགས་དུས་ཐོག་མཐའ་བར་གསུམ་དུ་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བར་མཐོང་ཆེན་གནང་། དབྱིན་ཇིས་སྐབས་གསར་པའི་སྲིད་གཞུང་གི་ལས་དོན་སོ་སོ་རིམ་པར་སྤེལ་བཞིན་ཡོད་པས། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ཁོར་ཡུག་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག ཕྱོགས་མང་ལས་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་སྔར་ལས་ཤུགས་སྣོན་པར་རེ་བ་བྱེད་ཀྱིན་ཡོད་ཅེས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།