ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་རྒན་གསོའི་ཞབས་ཞུའི་ལས་ཁུངས་དང་སྒྲིག་ཆས་བསྡོམས་པས་ཁྲི36ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས20ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་པ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་རྒན་གསོའི་ཞབས་ཞུར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་ནུས་པ་ཇེ་ཆེར་དང་རྒན་གསོའི་ཞབས་ཞུའི་ཞན་ཆ་གསབ་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་བ་རེད། ཀྲུང་གོའི་བདེ་ཐང་བགྲེས་སོང་ཅན་དུ་འགྱུར་བའི་ལས་དོན་བརྟན་བརླིང་ངང་སྤེལ་བཞིན་ཡོད།

ཆེས་གསར་བའི་གཞི་གྲངས་ལྟར་ན། 2021ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་དུང་ཕྱུར10.3ཡོད་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་དུང་ཕྱུར13.6ཡོད། འགན་བཅོལ་ནང་ཞུགས་ཚད95%ཡན་ཡོད་པ་བཅས་དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། ཡུན་རིང་ལྟ་སྐྱོང་འགན་བཅོལ་གྱི་ཚོད་ལྟའི་གྲོང་ཁྱེར49ཡོད་པ་དང་། འགན་བཅོལ་ཁྲོད་ཞུགས་པའི་མི་གྲངས་དུང་ཕྱུར1.45ཡོད། རྒྱལ་ཡོངས་སུ་ལག་ཁྱེར་གཉིས་ཚང་བའི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་ལས་ཁུངས6492ཡོད་པ་དང་། ལས་ཁུངས་ཀྱི་ཉལ་ཁྲིའི་བསྡོམས་གྲངས་ཁྲི175ཡོད། སྨན་བཅོས་དང་གསོ་ཚགས་གན་རྒྱ་ཐེངས་ཁྲི7.9བཞག་ཡོད། ད་ལོའི་དུས་ཚིགས་དང་པོའི་བར་རྒྱལ་ཡོངས་སུ་རྒན་གསོ་ཞབས་ཞུའི་ལས་ཁུངས་དང་སྒྲིག་ཆས་བསྡོམས་པས་ཁྲི36ཡོད་པ་དང་། ཉལ་ཁྲི་ཁྲི812.6ཡོད།

རྗེས་མར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ས་གནས་སོ་སོ་དང་སྡེ་ཚན་སོ་ོས་དང་མཉམ་དུ་མི་འབོར་བགྲེས་སོང་ཅན་དུ་འགྱུར་བའི་རྒྱལ་ཁབ་འཐབ་ཇུས་ལ་ཧུར་ཐག་གིས་ཁ་གཏད་བཅག་ནས། རྒན་རྒོན་གྱི་ལྟ་བ་དང་བགྲེས་སོང་ཅན་གྱི་འདུ་ཤེས་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་དང་རྒན་གསོའི་ཞབས་ཞུའི་མ་ལག བདེ་ཐང་འདེགས་སྐྱོར་མ་ལག་བཅས་མགྱོགས་མྱུར་སྒོས་འཐུས་ཚང་དུ་བཏང་ནས། རྒན་རྒོན་རྣམས་ལ་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་བདེ་ཐང་བདེ་སྐྱིད་ལྡན་པའི་ཚེ་མཇུག་ལོངས་སུ་སྤྱོད་དུ་འཇུག་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།