ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་བའི་ལོ་ངོ10རིང་རང་རྒྱལ་དུ་ཆེད་ལས་ཅན་གྱི་དགེ་རྒན་ཕལ་ཆེར་ཁྲི400ཡར་འཕར་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་དུ་ཆེད་དུ་དགེ་རྒན་གྱི་ལས་ཀ་གཉེར་བའི་ཆེད་ལས་དགེ་རྒན་གྱི་སྤྱི་གྲངས2012ལོའི་ཁྲི1462.9ནས2021ལོའི་ཁྲི1844.4ལ་འཕར། རིམ་པ་སོ་སོའི་རིགས་མི་འདྲ་བའི་དགེ་རྒན་ཁྲོད། དངོས་གཞི་ཡན་གྱི་སློབ་གནས་ཡོད་པའི་སློབ་ཆུང་དགེ་རྒན་གྱི་ཟིན་ཚད32.6%ནས70.3%ལ་འཕར་ཞིང་། ལས་རིགས་སློབ་གསོའི“ལས་ཐོབ་གཉིས་ལྡན”གྱི་དགེ་རྒན50%ལས་བརྒལ། མཐོ་རིམ་སློབ་གྲྭའི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཁྲི22.9ནས་ཁྲི42.4ལ་འཕར་བ་དང་། འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཁྲི6.9ནས་ཁྲི13.2ལ་འཕར་བ་རེད། གོང་གི་གཞི་གྲངས་ལས་ཉེ་བའི་ལོ10ནང་རང་རྒྱལ་གྱི་དགེ་རྒན་དཔུང་སྡེའི་སྤུས་ཚད་དང་གྲངས་ཚད་གཉིས་ཀ་མཐོར་འདེགས་སུ་སོང་ཡོད་པ་མཚོན། 

ཟླ9བའི་ཚེས6ཉིན་སློབ་གསོ་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ།  སློབ་གསོ་པུའུ་དགེ་རྒན་ལས་དོན་ཟི་ཡི་ཟི་ཀྲང་རེན་ཡིའུ་ཆུན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་དུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་བཅོས་སྒྱུར་འཕེལ་རྒྱས་ཐད་བླངས་བའི་གྲུབ་འབྲས་ངོ་སྤྲོད་གནང་། 

སྤུས་ཚད་མཐོ་བའི་དགེ་རྒན་ནི་ཆུ་ཚད་མཐོ་བའི་དགེ་རྒན་གྱི་སློབ་གསོ་མ་ལག་དང་ནུས་པ་མཐོ་བའི་དགེ་རྒན་གྱི་དཔྱད་འཇོག་མ་ལག་དང་ཁ་འབྲལ་ཐབས་མེད། རེན་ཡིའུ་ཆུན་གྱིས། རང་རྒྱལ་དུ་དགེ་ཐོན་སློབ་གྲྭ215གཙོ་བྱས་དགེ་ཐོན་མ་ཡིན་པའི་སློབ་གྲྭ510ཡིས་ཀྲུང་གོ་ཁྱད་ཆོས་ཀྱི་དགེ་རྒན་སློབ་གསོའི་མ་ལག་ནང་ཞུགས་ཏེ། དེ་སྔོན་གྱི“འབྲིང་རིམ་དགེ་ཐོན་སློབ་གྲྭ་དང་ཆེད་སྦྱོང་དགེ་ཐོན་སློབ་གྲྭ དངོས་གཞིའི་དགེ་ཐོན་སློབ་གྲྭ”བཅས་རིམ་པ་གསུམ་གྱི་དགེ་རྒན་སློབ་གསོ་ནས“ཆེད་སྦྱོང་དགེ་ཐོན་སློབ་གྲྭ་དང་དངོས་གཞིའི་དགེ་ཐོན་སློབ་གྲྭ ཞིབ་འཇུག་སློབ་མ”བཅས་རིམ་པ་གསུམ་གྱི་དགེ་རྒན་སློབ་གསོ་རུ་འཕེལ་རྒྱས་བྱུང་ཡོད་ཟེར།

དགེ་རྒན་དཔྱད་འཇོག་མ་ལག་གི་ཕྱོགས་ནས། དགེ་རྒན་དོ་དམ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དེ་གཏིང་ཟབ་སར་ཞུགས་ཏེ། སློབ་གྲྭ་ཆུང་འབྲིང་དུ་མཐོ་རིམ་ལས་ཐོབ་འཛུགས་རྒྱུ་དང་འབྲིང་རིམ་ཆེད་ལས་སློབ་གླིང་གི་དགེ་རྒན་གྱི་ལས་ཐོབ་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ལས་ཐོབ་དཔྱད་འཇོག་གི་ཞིབ་བཤེར་དབང་ཆ་སློབ་གྲྭ་རང་ལ་སྤྲད་ནས་དགེ་རྒན་གྱི་ལས་རིགས་འཕེལ་རྒྱས་ལ་བགྲོད་ལམ་ཡངས་པོ་ཕྱེ་རྒྱུ་མ་ཟད། དགེ་རྒན་གྱི་ཀུན་སྤྱོད་དང་སློབ་གྲྭ་ལམ་སྲོལ་གྱི་ཚད་གཞི་དང་པོའི་བླང་བྱ་དངོས་འབེབས་བྱ་རྒྱུ་ལས། ལྡོག་ངོས་ཀྱི་གནས་ཚུལ་དང་སྒྲིག་འགལ་གྱི་སྣང་ཚུལ་ཡོད་ཚད་གཏན་འགོག་བྱ་དགོས་པར་བསྟན།

ཉེ་བའི་ལོ་ངོ10ནི་རང་རྒྱལ་དགེ་རྒན་གྱི་གོ་གནས་དང་ཐོབ་ཐང་མཐོར་འདེགས་བྱུང་བའི་ལོ10རེད། ས་གནས་སོ་སོའི་འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་རང་ས་གནས་ཀྱི་གཞུང་ཞབས་པའི་ཆ་སྙོམས་ཟླ་ཕོགས་ལས་མི་དམའ་བ་མངོན་འགྱུར་བྱུང་ཞིང་། ཁྱོན་ཡོངས་ནས་ཞིང་གྲོང་དགེ་རྒན་གྱི་འཚོ་བའི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་སྟབས་ཞིང་གྲོང་གི་དགེ་རྒན་ཁྲི130ལྷག་ལ་ཁེ་ཕན་ཐོབ།

རེན་ཡིའུ་ཆུན་གྱིས། མ་འོངས་པར་མུ་མཐུད་དུ་དགེ་རྒན་གྱི་བསམ་བློ་ཆབ་སྲིད་དང་ཀུན་སྤྱོད་སྤྱོད་ཚུལ་ལ་སྐུལ་འདེད་དང་། ལས་ཐོབ་གོ་མིང་བཅོས་སྒྱུར་བྱེད་པར་སྐུལ་འདེད། དགེ་རྒན་གྱི་དཔྱད་འཇོག་བཅོས་སྒྱུར་གཏིང་ཟབ་དུ་སྤེལ་བ། ཁྲིད་ཡུན་རིང་བོ་ཅན་གྱི་ཕོགས་སྣོན་ཚད་གཞི་ཇེ་མཐོར་གཏོང་བ། དགེ་རྒན་གྱི་ཟླ་ཕོགས་དང་ཐོབ་བྱའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དེ་མིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལྟ་སྐུལ་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གིས་མི་འགྱངས་པར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་འགན་འཕྲི་རང་བཤེར་བྱ་བར་དག་ཐེར་ཡོ་བསྲང་བྱ་རྒྱུ་དང་དགེ་རྒན་བཅའ་ཁྲིམས་བཟོ་བཅོས་བྱེད་སྒང་ཡིན་ལ། དགེ་རྒན་གྱི་གཟི་བརྗིད་མཚན་སྙན་མ་ལག་འཐུས་ཚང་དུ་གཏོང་རྒྱུ་ཡིན་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།