ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཐང་ཀ་རྒྱལ་ཁབ་ཀྱི་གྲོས་དཔོན་དང་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་བརྙན་ལམ་ནས་ཐང་ཀ་རྒྱལ་ཁབ་ཀྱི་གྲོས་དཔོན་ཧྥ་ཁཱ་ཧྥ་ནུའུ་ཨ་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུའུ་ཕུའུ་སྐུ་ཕྲེང་དྲུག་པའི་ཐུན་མོང་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀའི་ཁྱོནཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ཁྲིད་སྟོན་དུ་བཟུང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་སྟེ། མཉམ་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད་ཅེས་བསྟན།

ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཁབ་གཉིས་ཀས་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བའི་ངོས་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ལངས་ཕྱོགས་ལ་མུ་མཐུད་དུ་ཤུགས་བསྣན་ནས། ཕན་ཚུན་བརྩི་འཇོག་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། ཐང་ཀ་རྒྱལ་ཁབ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་རྒྱབ་སྐྱོར་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཐའེ་ཝན་གནད་དོན་ཐད་འཛིན་པའི་རྩ་དོན་གྱི་ལངས་ཕྱོགས་ལ་རྒྱས་བཤད་གསལ་བོ་བྱས་རྗེས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཐང་ཀ་རྒྱལ་ཁབ་ཀྱིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་རྒྱལ་ཁབ་ཚང་མས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་ཡིན། མཚོ་འགག་འགྲམ་གཉིས་གཅིག་གྱུར་ཡོང་བར་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ནི་མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་བཀག་འགོག་གཏན་ནས་བྱེད་མི་ཐུབ་པ་ཞིག་ཡིན་པས། ཀྲུང་གོ་ཁ་བྲལ་གཏོང་བའི་རེ་ངན་གང་འདྲ་ཞིག་ཡིན་རུང་ཚང་མ་སྟོང་བསམ་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོ་དང་ཐང་ཀ་རྒྱལ་ཁབ་སོགས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པས། ཐང་ཀ་རྒྱལ་ཁབ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་དང་དེའི་ནང་འབད་པས་ཞུགས་ནས། མཉམ་དུ་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་གླེང་སྟེགས་ཀྱི་འགོ་ཁྲིད་པའི་ཚོགས་འདུའི་སྟེང་དུ་གྲོས་འཆམ་བྱུང་བའི། ཞི་བདེ་རྒྱ་མཚོ་ཆེན་མོ་དང་སྐམ་ས་ཆེན་མོའི་ཉིས་སྟོང་ལྔ་བཅུ་ལོའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཞེས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ལིས་ཀྲན་ཧྲུའུ་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཐང་ཀ་རྒྱལ་ཁབ་གྲོས་ཁང་བར་གྱི་བསམ་བློ་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱེད་འདོད་ཡོད་ཅེས་ནན་བཤད་བྱས།

ཧྥ་ཁཱ་ཧྥ་ནུའུ་ཨ་ཡིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་ཐང་ཀ་རྒྱལ་ཁབ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རང་བྱུང་གནོད་འཚེར་འགོག་རྒོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཕྱོགས་མང་པོའི་ངོས་ནས་ཐང་ཀ་རྒྱལ་ཁབ་ཕྱོགས་ལ་སྒེར་སེམས་མེད་པའི་སྒོ་ནས་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཐང་ཀ་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་ཇེ་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བསྟན། །


རྩོམ་སྒྲིག་པ། : བདེ་ལེགས་མཚོ།