ཀྲུང་གོ་བོད་ཀྱི་དྲ་བ།

《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》ཞེས་པའི་ཁག་དང་པོའི་དེབ་བཅུ་གཉིས་པར་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་། ཀྲུང་དབྱང་ཡིག་ཚགས་ཁང་གིས་མཉམ་དུ་རྩོམ་སྒྲིག་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》གྱི་ཚད་ལྡན་ཡིག་ཆ་ཕྱོགས་བསྒྲིགས་ཁག་དང་པོ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།

《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》ཞེས་པ་ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པའི་དབང་གྲགས་ལྡན་པའི་ཚད་ལྡན་ཡིག་ཆའི་དཔྱད་གཞི་ཕྱོགས་བསྒྲིགས་ཤིག་ཡིན། ད་ཐེངས་པར་སྐྲུན་བྱས་པའི་ཚད་ལྡན་ཡིག་ཆ་ཁག་དང་པོའི་ནང་གཙོ་བོ1921ལོ་ནས1927ལོའི་བར་གྱི་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་དང་པོ་སྟེ། ཁྱོན་བམ་པོ12དང་ཡིག་འབྲུ་ཁྲི430ལྷག་ཡོད་པ་དང་། ཏང་མ་བཙུགས་གོང་གྲུབ་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཁག་གཅིག“ཟུར་སྒྲིག”གི་རྣམ་པས་བམ་པོ་དང་པོའི་ནང་བཅུག་ཡོད། ཁག་དང་པོར་པར་སྐྲུན་བྱས་པའི་ཚད་ལྡན་ཡིག་ཆ་གལ་ཆེན་དེ་དག་ལས། མར་ཁེ་སི་རིང་ལུགས་ཀྲུང་གོར་དར་རྗེས་ཀྲུང་གོའི་སྤྱི་ཚོགས་ལ་ཐོན་པའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་དག་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མཚོན་ཡོད་པ་དང་། སྔོན་ཐོན་གྱི་ཀྲུང་གོ་བས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་འདེམས་པ་དང་མར་ཁེ་སི་རིང་ལུགས་ཀྱི་དད་སེམས་གཏན་འཁེལ་བྱེད་པའི་བསམ་བློའི་རྩ་བ་མཚོན་པར་བྱས་ཡོད། སྔོན་ཆད་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་མཛུབ་ཁྲིད་འོག ཀྲུང་གོའི་གསར་བརྗེའི་གཞི་རྩའི་གནད་དོན་ལ་གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་བྱས་པ་དང་། དེ་བཞིན་མི་རིགས་བསྐྱར་དར་མངོན་འགྱུར་བྱ་ཆེད་དཔའ་མཛངས་ལྡན་པའི་འཐབ་རྩོད་བྱས་པ་མཚོན་ཡོད། ཚད་ལྡན་ཡིག་ཆ་གལ་ཆེན་དེ་དག་ནང་། ཀྲུང་གོ་གུང་ཁྲན་ཏང་གྲབས་འཛུགས་དང་གསར་འཛུགས་བྱས་པའི་དཀའ་ཚེགས་ཆེ་བའི་ལམ་བུ་གསལ་པོར་བཀོད་ཡོད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད་བྱུང་བའི་ནོར་འཁྲུལ་གྱི་བསམ་པའི་རླབས་རྒྱུན་སྣ་ཚོགས་དབར་མངོན་གསལ་དོད་པའི་གདོང་གཏུག་བྱུང་བ་ཟིན་ཐོར་བཀོད་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་གཏན་འཁེལ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཀོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱས་པར་བརྟེན་ནས་རླབས་ཆེའི་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱས་པའི་བརྗིད་ཆེའི་ལོ་རྒྱུས་བཀོད་པའི་དུས་མཚུངས་སུ་ཀྲུང་གོ་གུང་ཁྲན་ཏང་རིམ་བཞིན་གྲུབ་པ་དང་འབྲེལ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པའི་རླབས་ཆེའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་མངོན་པར་བྱས་ཡོད།

《ཀྲུང་གོ་གུང་ཁྲན་ཏང་གི་ཚད་ལྡན་ཡིག་ཆ་གལ་ཆེན་ཕྱོགས་བསྒྲིགས》རྩོམ་སྒྲིག་པར་སྐྲུན་བྱས་པ་དེས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་རྒྱ་བསྐྱེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ལོ་རྒྱུས་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་དང་ཡིད་ཆེས་སྲ་བརྟན་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པར་རམ་འདེགས་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།