ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བ་དང་པོ་ནས་བདུན་པའི་བར་རང་རྒྱལ་གྱི་ཕྱི་ཕྱོགས་ཚོང་དོན་མགྱོགས་མྱུར་ངང་འཕར་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས་7ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རང་རྒྱལ་གྱི་ཚོང་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི23.6ཟིན་པ་དེ་དུས་མཉམ་ལས10.4%འཕར་ཡོད། ཕྱི་ཕྱོགས་ཉོ་ཚོང་གིས་འགལ་རྐྱེན་མང་པོ་སེལ་ནས་མགྱོགས་མྱུར་ངང་འཕར་སྣོན་བྱུང་ཡོད།

ཞིབ་ཕྲས་བལྟས་ན། ཟླ་བ་དང་པོ་ནས་བདུན་པའི་བར། རིམ་རྩིས་བྱས་ན་རང་རྒྱལ་གྱི་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི13.37ཟིན་ནས14.7%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་ཁྲི10.23ཟིན་ནས5.3%འཕར་ཡོད། ཚོང་དོན་གྱི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར་ཁྲི3.14ཟིན་ནས62.1%ཇེ་ཆེར་སོང་ཡོད།

ད་ལོའི་ཚུན་དུ་རང་རྒྱལ་གྱིས་ནུས་ཆེའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་བྱས་ཏེ། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་ཐད་ཕྱིའི་ཁོར་ཡུག་ཇེ་སྡུག་དང་རིམས་ནད་དུས་ཐུང་ནང་ཐོན་པ་སོགས་ཀྱི་ཤུགས་རྐྱེན་ངན་པ་སྣ་ཚོགས་ཁྱད་བསད་བྱས་ནས། ཟླ་དང་པོ་ནས་བདུན་པའི་བར། རིམ་རྩིས་བྱས་ན་གྲངས་གནས་གཉིས་ཀྱིས་འཕར་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་བསྡོམས་རྩིས་དབྱེ་ཞིབ་སིའི་སི་ཀྲང་ལི་ཁུའེ་ཝུན་གྱིས“དེའི་ནང་ཟླ་བདུན་པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཉམ་ལས16.6%འཕར་ནས། ཟླ5པ་ཚུན་དུ་ཕྱི་ཕྱོགས་ཚོང་དོན་འཕར་ཚད་མུ་མཐུད་དུ་ཇེ་མཐོར་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁོག་དཔལ་འབྱོར་བརྟན་བརླིང་ཡོང་བར་ལེགས་སྐྱེས་ཕུལ་ཡོད”ཟེར།

གླེང་རིན་ཡོད་པ་ཞིག་ནི། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཕྱི་ཕྱོགས་ཚོང་དོན་རྒྱུན་མཐུད་དང་མགྱོགས་མྱུར་ངང་སླར་གསོ་བྱུང་ཡོད། ཟླ་དང་པོ་ནས་བདུན་པའི་བར་འབྲི་ཆུའི་ཟུར་གསུམ་ས་ཁུལ་གྱི་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ཕྱིར་གཏོང་ནང་འདྲེན་དུས་མཉམ་ལས11.7%འཕར་བ་དེ་ལོ་སྟོད་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས2.5ཡིས་མགྱོགས་པ་དང་། ཟླ7པར་དུས་མཉམ་ལས25.7%འཕར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གོང་འཕར་ལ་ལེགས་སྐྱེས་འབུལ་ཚད་བཅུ་ཆའི་ལྔ་ལྷག་ཟིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།