རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པས་རང་རེའི་དམག་དོན་གྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་རབ་དང་རིམ་པའི་ཐད་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས4ཉིན། རྒྱལ་སྲུང་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཐན་ཁི་ཧྥེ་ཡིས་རང་རེའི་དམག་དོན་གྱི་ལམ་ལུགས་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད་རབ་དང་རིམ་པའི་སྐོར་ནས་གཏམ་བཤད་སྤེལ། ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕེ་ལོ་ཞི་ཡིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཚམས་འདྲི་བྱས་པའི་བྱེད་ཕྱོགས་དེ་ནི། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་དང་རྒྱབ་འགལ་དུ་སོང་བ་ཞིག་དང་། ཀྲུང་གོ་ཕྱོགས་ལ་ཆབ་སྲིད་ཀྱི་འཁྲུག་རྐྱེན་སློང་བ། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་འབྲེལ་བར་གཏོར་བརླག་ཚབས་ཆེན་བཏང་བ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་བརྡབ་གསིག་དང་འཇིགས་སྐུལ་ཆེན་པོ་བཏང་བ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་བསམ་སྦྱོར་དེའི་ཐད་ཁོང་ཁྲོ་ཆེན་པོ་ལངས་ནས་ངོ་རྒོལ་དྲག་པོ་བྱེད་ཀྱིན་ཡོད། ཀྲུང་གོའི་དམག་དཔུང་ཁ་དོན་ཚིག་ལ་གནས་པ་ཞིག་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱིས་ཐའེ་ཏའོ་གླིང་ཕྲན་ཉེ་འཁོར་གྱི་མཚོ་ཐོག་དང་མཁའ་དབྱིངས་སུ་དམག་ཀྱི་རིགས་མང་པོ་རྩ་འཛུགས་བྱས་ཏེ། མཉམ་འབྲེལ་སྒོས་མཚོ་ཐོག་འཕྲལ་རྒོལ་དང་སྐམ་སའི་སྟེང་ནས་ཡ་ལན་སྤྲོད་པ། མཁའ་དབྱིངས་སུ་དམག་འཐབ་བྱེད་པ་སོགས་དམིགས་སའི་རང་བཞིན་ཡོད་པའི་ངང་ནས་སྦྱོང་བརྡར་བྱས་པ་དང་། ཁྲིད་སྟོན་ཞིབ་ཚགས་ཀྱི་ངོས་ནས་མཚོན་ཆ་དངོས་མ་འཕེན་རྒྱུར་རྩ་འཛུགས་བྱས་པ་དེ་ནི། ཨ་མེ་རི་ཁས་ཐའེ་ཝན་ལ་ངན་འབྲེལ་བྱས་པར་དམིགས་ཏེ་སྤེལ་བའི་དྲང་ཕྱོགས་དང་གཟབ་ནན་གྱི་ཟིལ་ཤུགས་ཤིག་ཡིན།

ང་ཚོས་ཨ་མེ་རི་ཁ་ཕྱོགས་དང་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ལ། ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི་ངན་ཇུས་དེ་ངལ་བ་འབྲས་མེད་ཅིག་ཡིན་པ་དང་། ཕྱི་རྒྱལ་ལ་བརྟེན་ནས་རང་བཀུར་བྱེད་པའི་སྦྱོར་བ་དེར་མདུན་ལམ་རྩ་བ་ནས་མེད་པ། ཨ་མེ་རི་ཁས་ཐའེ་ཝན་ལ་འཁྲུག་རྐྱེན་བསླངས་པའི་དབང་གིས། ཐའེ་ཝན་འདི་ཉིད་ཉེན་ཁའི་གཡང་གཟར་དུ་སྐྱེལ་བཞིན་ཡོད་ཅིང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་གནོད་འཚེ་ཚབས་ཆེན་བཟོ་ངེས་པའི་ཐ་ཚིག་བསྒྲགས་པ་ཡིན། ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུའི་སྐོར་ནས་ཀྲུང་གོའི་མི་དམངས་དུང་ཕྱུར་བཅུ་བཞི་ཡི་བློ་རྩ་བརྟན་པོ་ཡིན་པ་དང་། ཀྲུང་གོ་ཡོངས་སུ་གཅིག་གྱུར་བྱ་རྒྱུ་ནི་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། དམངས་ཀྱི་འདོད་བློ་དང་འགལ་ན་མི་ལེགས་པ་དང་། ར་སྤུའི་འུར་རྡོ་ར་ཡི་འཇིང་པར་ཕོག་པའི་ཉེན་ཁ་ཆེ། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ལ། ཐའེ་ཝན་རང་བཙན་གྱི་བྱ་སྤྱོད་དང་ཕྱི་ཕྱོགས་ཀྱི་ཐེ་གཏོགས་ཡོད་ཚད་ལ་རང་དབང་ཅི་ཡང་མི་སྟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།