ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ཚན་རིག་རྟོག་ཞིབ་གྲུབ་འབྲས་མང་པོ་ཡོངས་བསྒྲགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ཆུའི་ཐོན་ཁུངས་དང་ཆུའི་བདེ་འཇགས། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ། ས་ཁོངས་ལྗང་མདོག་འཕེལ་རྒྱས་སོགས་ཀྱིས་ཐད་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཁག་ཅིག་བླངས་ཡོད། དེ་ནི་ཚེས4ཉིན་གསར་འགོད་པས་ཚན་རྩལ་པུའུ་དང་ཀྲུང་གོ་ཚན་རིག་ཁང་གིས་མཚོ་སྔོན་ཟི་ལིང་དུ་འཚོགས་པའི་མཚོ་བོད་ཚན་རིག་རྟོག་ཞིབ་རིག་གཞུང་སྤེལ་རེས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ནས་ཤེས་རྟོགས་བྱུང་བ་རེད།

ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཧྥུའུ་པོ་ཅེ་ཡིས་མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་མཛོད་ཡིན་པས་ཐུན་མོང་མ་ཡིན་པའི་སྐྱེ་དངོས་སྣ་མང་རང་བཞིན་ལྡན་པ་དང་། ཆུ་ཁུངས་གསོག་འཇོག་དང་ཆུ་དཔྱད་སྙོམས་སྒྲིག ཐཱན་སྲ་བརྟན་དང་གནམ་གཤིས་སྙོམས་སྒྲིག ཚན་རིག་སློབ་གསོ་དང་རིག་གནས་ཞབས་ཞུ་སོགས་ཀྱི་ཐད་ལ་ཁོངས་ཡངས་དང་ཐ་ན་གོ་ལ་ཧྲིལ་པོའི་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཁོང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་ཉམས་གསོའི་བཟོ་འགོད་མགྱོགས་མྱུར་ངང་ལག་བསྟར་བྱས་ནས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་ཅིག་འཛུགས་དགོས་པའི་གྲོས་གཞི་བཏོན་པ་རེད།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་ཧྲི་ཕེ་ཅུན་གྱིས། ཚན་རིག་རྟོག་ཞིབ་བརྟག་དཔྱད་ཀྱི་གྲངས་གཞིར་གཞིགས་ན་རླུང་ཁམས་ཆེན་མོའི་གསོ་རླུང་འདུས་ཚད་དེ་ས་བབ་དང་དྲོད་ཚད། སྔོ་ཤུན། ས་རྒྱུ། ཉི་འོད་འཕྲོ་མཆེད། རླན་གཤེར་ཆ་རྐྱེན་སོགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གྱི་རྩིས་རྒྱག་ཐབས་བཙུགས་ནས། ས་བབ་ནི་ས་ངོས་ལ་ཉེ་བའི་རླུང་ཁམས་ཆེན་པོའི་གསོ་རླུང་འདུས་ཚད་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་ཉག་ཅིག་མིན་པར། དྲོད་ཚད་དང་སྔོ་ཤུན། ས་རྒྱུ། ས་ཞིང་བེད་སྤྱོད་སོགས་ཀྱིས་ལེགས་སྐྱེས་འབུལ་ཚད50%ཡན་ཟིན་པའི་ངོས་འཛིན་བྱས་པ་རེད། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཁྲོད། ཚན་ཞིབ་ཚོགས་པས་མཚོ་བོད་ས་མཐོའི་ས་ངོས་ཀྱི་སྔོ་ཤུན་ཁེབས་རིས་དང་སྔོ་ཤུན་གྱི་ལོ་རེའི་ཆ་སྙོམས་གསོ་རླུང་འདུས་ཚད་ལ་ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། ས་མཐོའི་རླུང་ཁམས་ཆེན་མོའི་གསོ་རླུང་འདུས་ཚད་ཀྱི་ཡུལ་དུས་དང་བར་སྟོང་གི་རྣམ་པར་རིགས་པས་ཁུངས་སྐྱེལ་བྱས་ཡོད།

“སྐྱེ་ཁམས་ཐོན་རྫས་ནི་སྐྱེ་ཁམས་མ་ལག་གིས་མིའི་རིགས་ལ་མཁོ་འདོན་བྱས་པའི་དངོས་པོ་དང་ཞབས་ཞུའི་ཐོན་རྫས་ཀྱི་བསྡོམས་འབོར་རེད།” ཀྲུང་གོ་ཚན་རིག་ཁང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨོའུ་དབྱང་ཀྲི་ཡུན་གྱིས་སྐྱེ་ཁམས་ཐོན་རྫས་ཀྱི་བེད་སྤྱོད་རིན་ཐང་དང་སྐྱེ་ཁམས་མ་ལག་གི་མཐའ་མའི་ཐོན་རྫས། སྐྱེ་ཁམས་ཐོན་རྫས་ཀྱི་ནུས་པ་སོགས་ཀྱི་ཐད་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་གྱི་ཞིབ་རྩིས་བསམ་ཕྱོགས་བཏོན་ནས། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་བསྡོམས་འབོར་གྱི་ཞིབ་རྩིས་བྱེད་ཐབས་དང་རྩིས་རིག་དཔེ་དབྱིབས་བཏོད་དེ། ས་མཐོའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ལམ་སྲོལ་འཛུགས་ཆེད་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ཁུངས་སུ་འགྱུར་དར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཐོན་ཁུངས་ལ་བརྟེན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་དགོས།

ཀྲུང་གོ་ཚན་རིག་ཁང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ཞིབ་འཇུག་ཁང་གི་རིག་གཞུང་ཡོན་ཀྲང་ཀྲའོ་ཞིན་ཆོན་གྱིས། “རང་བྱུང་སྲུང་སྐྱོང་ཁུལ་གྱི་རྩྭ་སའི་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་སྲུང་སྐྱོང་དང་སླར་ཡང་ས་རྒོད་ཅན་དུ་འགྱུར་བའི་ལག་ལེན”ལ་དམིགས་ཏེ། རང་བྱུང་སྲུང་སྐྱོང་ཁུལ་གྱི་གཟན་རྩྭའི་རི་སྐྱེས་སྲོག་ཆགས་དང་ཕྱུགས་འཚོའི་སྒོ་ཕྱུགས་དོ་སྙོམས་དོ་དམ་གྱི་བྱེད་ཐབས་བཏོན་པ་དང་། གདོད་མའི་རང་བཞིན་གྱི་སྲུང་སྐྱོང་ཕན་འབྲས་གཞི་འཛིན་སར་བྱེད་པའི་ཁ་གསབ་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ནས། ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་པ་རེད།

ཚོགས་ཞུགས་ཆེད་མཁས་པས“མཚོ་བོད་ས་མཐོའི་རླུང་ཁམས་ཆེན་མོའི་དབྱང་འགྱུར་རང་བཞིན་གྱི་ཚོད་དཔག་དང་ཚོད་ལྟ་ར་སྤྲོད་བྱེད་པ”དང“ཚྭ་འདམ་གཤོངས་སའི་ཚྭ་མཚོའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད”སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།