ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དམངས་གཙོའི་ཏང་ཤོག་ཁག་གིས་མཉམ་འབྲེལ་ཐོག་གསལ་བསྒྲགས་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས2ཉིན་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འབྲེལ་གཏུག་ནན་མོ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་པར་མ་བལྟོས་པར། ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་ཨུ་ཚུགས་ངང་འཇབ་འཛུལ་འཚམ་འདྲི་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་ནས། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞིར་ཕོག་ཐུག་ཚབས་ཆེན་བཏང་བ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་གནོད་ཚབས་ཆེན་བཏང་ཐོག “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་ཡོད། ཀྲུང་གོའི་དམངས་གཙོའི་ཏང་ཤོག་ཁག་གིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། ཁོང་ཁྲོ་དྲག་པོ་དང་རྒོལ་གཏམ་དྲག་པོ་བཏང་བ་རེད།

འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འཕྲལ་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་ཉག་ཅིག་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱི་ཕྱོགས་ཀྱི་ཐེ་ཇུས་གང་ཡང་བྱ་མི་རུང་། དུས་སྐབས་ཤིག་གི་རིང་། ཨ་རི་སྲིད་གཞུང་གིས་ཐའེ་ཝན་གྱི་གནད་དོན་ཐད་ནོར་འཁྲུལ་གྱི་གཏམ་སྤྱོད་ཡང་ཡང་སྤེལ་ཏེ། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་གི་རིམ་པ་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། གང་འདོད་ཀྱིས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་རྒྱབ་སྐྱོར་བྱས་ནས“ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོར་བཀག་འགོག་གཏོང་བའི”བྱ་སྤྱོད་སྤེལ་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱས་པ་ནི་ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་རིམ་སྤར་བྱས་པའི་ཆབ་སྲིད་ཀྱི་འཁྲུག་རྐྱེན་ཆེན་པོ་ཞིག་རེད། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས“ཐའེ་ཝན་རང་བཙན་”གྱི་ནོར་འཁྲུལ་ལངས་ཕྱོགས་མཁྲེགས་འཛིན་བྱས་ཏེ། ཕྱིའི་སྟོབས་ཤུགས་དང་མཉམ་དུ་ངན་པ་ཁ་མཐུན་དང་། ངན་སྦྲེལ་ངན་འབྲེལ། “ཨ་རིར་བརྟེན་ནས་རང་བཙན་བྱེད་པའི”བསམ་ངན་བཅངས་བ་དང་། “དགུ་གཉིས་ཐུན་མོང་ངོས་འཛིན”ལ་ཁས་ལེན་མི་བྱེད་པ་དེ་དག་གིས། ཐའེ་ཝན་དེ་གནོད་འཚེ་དང་ཆག་སྒོའི་ཁྲོད་བསྐྱལ་སྲིད་པ་དང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་རྣམས་ལ་སྡུག་བསྔལ་དང་དཀའ་ངལ་ཚབས་ཆེན་བཟོ་སྲིད། ང་ཚོས་ཀྲུང་གོ་ཁ་ཕྲལ་གཏོང་བའི་ལྐོག་གཡོ་དང་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་ཞིག་གིས་ཀྲུང་གོའི་ཞི་བདེ་དང་གཅིག་གྱུར་གྱི་འཕེལ་རིམ་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ། རྒྱལ་ཁབ་གང་འདྲ་ཞིག་གིས་བྱེད་ཐབས་གང་རུང་ལ་བརྟེན་ནས་ཐའེ་ཝན་གྱི་གནད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

ཀྲུང་གོའི་དམངས་གཙོའི་ཏང་ཤོག་ཁག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཡིན་པའི་ཆ་ནས། མེས་རྒྱལ་ལ་དགའ་ཞེན་དང་ཞི་བདེར་དགའ་ཞེན་བྱེད་པའི་གཟི་བརྗིད་ཀྱི་སྲོལ་རྒྱུན་ལྡན་པས། སྔ་ཕྱི་བར་གསུམ་དུ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་ལ། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཡིན། ང་ཚོས་ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་སྤྱད་པའི་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

མེས་རྒྱལ་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭ་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་དང་བླ་ན་མེད་པའི་འགན་འཁྲི་ཡིན་པས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཆོད་སེམས་ནི་སྲ་ཞིང་བརྟན་པ་ཡིན། མེས་རྒྱལ་ངེས་པར་དུ་གཅིག་གྱུར་ཡོང་བར་བྱ་དགོས་ལ། གཅིག་གྱུར་ཡོང་ངེས་ཀྱང་ཡིན། དེ་ནི་ཨ་རིའི་ཀྲུང་གོར་ངོ་རྒོལ་བྱེད་མཁན་གྱི་ངན་རེངས་སྟོབས་ཤུགས་ཁག་ཅིག་གི་འདོད་མོས་ལྟར་སྤོ་བསྒྱུར་བྱེད་པ་ཞིག་དང་“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ཀྱི་ཧམ་སེམས་བཞིན་འགྱུར་ལྡོག་འགྲོ་བ་ཞིག་གཏན་ནས་ཡིན་མི་སྲིད། ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་པའི་བྱ་སྤྱོད་གང་རུང་སྤེལ་བ་དང་ཀྲུང་གོའི་མངའ་ཁོངས་མཐའ་གཅིག་ཏུ་གཅིག་གྱུར་བྱེད་པར་བཀག་འགོག་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ཡོང་བར་འགོག་རྐྱེན་བཟོ་བའི་རེ་ངན་མཐའ་དག་ནི་ནམ་ཡང་ཕམ་ངེས་ཡིན།

ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་དམངས་གཙོ་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་དམངས་གཙོ་ཡར་སྐུལ་ལྷན་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་ཀྲི་ཀུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

དགུ་གསུམ་སློབ་ཚོགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

2022ལོའི་ཟླ8པའི་ཚེས4ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།