ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་བདག་དབང་ལ་བཙན་གནོད་བྱས་པའི་སྐོར་ནས་གཏམ་བཤད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་ཟླ8པའི་ཚེས3ཉིན་གྱི་གློག་འཕྲིན་ལྟར་ན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་མགོ་དཔོན་ཕེ་ལུའོ་ཞི་ཡིས་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་འཛེམ་པར། མངོན་སུམ་འཛེམས་མེད་ངང་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་གཡོ་བཅར་བྱས། བྱ་སྤྱོད་དེས་ཀྲུང་གོའི་རྩ་དོན་གཅིག་དང་རྒྱབ་འགལ་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་བདག་དབང་ལ་རྐང་བཙུགས་ནས་བཙན་གནོད་བྱས་པ་དང་། འཛེམ་བག་མེད་པར་ཆབ་སྲིད་ཀྱི་འཁྲུག་རྐྱེན་བསླངས་པས་ཀྲུང་གོ་མི་དམངས་ལ་ཁོང་ཁྲོ་ཆེན་པོ་བསླངས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་ངོ་རྒོལ་བྱས། དེའི་ཐོག་ནས་ཨ་རིའི་སྲིད་ཚོང་ཁག་ཅིག་ཀྲུང་གོ་དང་ཨ་རིའི་བར་གྱི“རྙོག་དྲ་བཟོ་མཁན”དུ་གྱུར་པ་དང་། ཨ་རི་ནི་ཐའེ་ཝན་ཞི་བདེ་དང་ས་ཁུལ་བརྟན་ལྷིང་གི“གཏོར་བརླགས་གཏོང་མཁན་གཏེ་བོ”རུ་གྱུར་ཡོད། 

ཨ་མེ་རི་ཁས་ཀྲུང་གོ་གཅིག་གྱུར་བྱེད་པའི་བྱ་གཞག་ཆེན་པོར་བཀག་རྒྱ་གཏོང་བའི་སྟོང་བསམ་མ་བཅངས། ཐའེ་ཝན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། རྒྱལ་ཁབ་མཐའ་གཅིག་ཏུ་གཅིག་གྱུར་བྱ་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་ཙམ་ཡིན་ལ། ལོ་རྒྱུས་ཀྱི་ལྡོག་ཐབས་མེད་པ་ཞིག་ཀྱང་ཡིན། ང་ཚོས་གཏན་ནས་ཐའེ་ཝན་རང་བཙན་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་བར་སྟོང་གང་ཡང་འཇོག་མི་སྲིད། ཨ་རི་ཕྱོགས་ཀྱིས་བྱེད་ཐབས་གང་འདྲ་སྤྱད་དེ་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་དང་རྒྱ་ཡན་དུ་བཏང་རུང་། མཇུག་མཐར་སླེ་བོའི་ནང་ཆུ་བླུགས་པ་བཞིན་ཡིན་པས། ལོ་རྒྱུས་ཐོག་ཨ་རི་ཡིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་བཙན་ཤེད་ངང་ཐེ་གཏོགས་བྱས་པའི་སྐྱུག་བྲོ་བའི་ཟིན་ཐོ་འཇོག་པ་ལས་ཕན་ཐོགས་ཅི་ཡང་མེད། ཐའེ་ཝན་གྱི་གནད་དོན་ནི་སྔོན་ཆད་རྒྱལ་ཁབ་ཉམས་ཞན་དང་ཟང་ཟིང་ལས་བྱུང་བ་ཡིན་པས། རྗེས་ཕྱོགས་མི་རིགས་བསྐྱར་དར་དང་བསྟུན་ནས་རྒྱལ་ཁའི་ངང་མཇུག་འགྲིལ་ངེས་ཡིན། 

ཨ་མེ་རི་ཁས་ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་གཏོར་བརླག་གཏོང་ཐུབ་པའི་རེ་ངན་མ་བཅངས། ཀྲུང་གོས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་ཡང་དག་རྙེད་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག  ཀྲུང་གོའི་མི་དམངས་དུང་ཕྱུར14ཡིས་གོམ་སྟབས་ཆེན་པོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། ང་ཚོས་རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་སྟེང་བཞག་སྟེ། རྒྱལ་ཁབ་སོ་སོ་དང་ཞི་བདེ་མཉམ་གནས་དང་། མཉམ་དུ་འཕེལ་རྒྱས་གཏོང་བ་ལས་རྒྱལ་ཁབ་གང་རུང་ཞིག་གིས་ཀྲུང་གོའི་བརྟན་ལྷིང་དང་འཕེལ་རྒྱས་ལ་གཏོར་བརླག་གཏོང་བར་གོ་སྐབས་གཏན་ནས་སྟེར་མི་སྲིད། 

ཨ་མེ་རི་ཁས་གཞན་ལ་གཡོ་སྒྱུ་ཁྲམ་གསུམ་བྱེད་པའི་འདུན་པ་གཏན་ནས་མ་སྐྱེས། ཞི་བདེ་དོན་གཉེར་དང་བརྟན་བརླིང་དོན་གཉེར། འཕེལ་རྒྱས་སྐུལ་འདེད། མཉམ་ཁེ་ཡོང་ཐབས་བཅས་བྱ་རྒྱུ་ནི་ས་ཁུལ་དང་རྒྱལ་ཁབ་ཡོངས་ཀྱི་བསམ་འདུན་ཉག་གཅིག་ཡིན། 

ཝང་དབྱི་ཡིས་ཐའེ་ཝན་ཞི་བདེ་དང་བརྟན་བརླིང་ཡོང་བའི་རྩ་དོན་ནི་ཀྲུང་གོ་གཅིག་གི་རྩ་དོན་ཡིན་པ་དང་། ཀྲུང་གོ་དང་ཨ་རི་ཞི་བདེ་མཉམ་གནས་ཀྱི“སྲུང་ཡོལ”ངོ་མ་ནི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་ཡིན། “ཨ་མེ་རི་ཁར་བརྟེན་ནས་རང་བཙན་བྱེད་པ”ནི་འཆི་ལམ་ཉག་ཅིག་དང“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ངོ་རྒོལ་བྱེད”པར་ཕམ་ཉེས་འབྱུང་ཁོ་ཐག་ཡིན། རྒྱལ་ཁབ་གཅིག་གྱུར་བྱེད་པའི་མི་རིགས་བདེན་དོན་གྱི་མདུན་དུ། ཀྲུང་གོར་སུ་ལའང་མི་སྐྲག་པའི་སྙིང་སྟོབས་ཡོད་པ་དང་། སྐྲག་མི་སྲིད་པ་དང་ཕམ་མི་སྲིད་པའི་བློ་སྤོབས་ཀྱང་ཡོད། མི་བརྒྱ་སེམས་གཅིག་དང་དམངས་སེམས་གཅིག་ཏུ་བསྒྲིལ་ནས་མདུན་དུ་སྐྱོད་པའི་ཆོད་སེམས་ཡོད་ལ། རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་ནུས་པ་དེ་ལས་ཀྱང་ཡོད་ཅེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།