ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུའུ་ཡིས་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་བདེ་སྲུང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པར་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དབྱར་དུས་བདེ་འཇགས་བཅོས་སྒྲིག་གི“ཉིན་བརྒྱའི་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་ནས། མི་དམངས་མང་ཚོགས་ཀྱི་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་ཕྱིར་སྐྱོད་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་ཆེད། སྤྱི་བདེ་པུའུ་བདེ་འཇགས་དོ་དམ་ཅུའུ་ཡིས་ཉེ་སྔོན་བརྡ་ཐོ་བཏང་ནས། ས་གནས་ཁག་གི་སྤྱི་བདེ་བདེ་འཇགས་སྡེ་ཚན་གྱིས་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་བདེ་འཇགས་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། བདེ་འཇགས་དོགས་ཟོན་གྱི་སྲུང་ཡོལ་བརྟན་པོར་བསྐྲུན་ནས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་བདེ་འཇགས་སྒྲིག་ལམ་བཟང་པོར་འགན་ལེན་བྱེད་དགོས་པའི་བཀོད་སྒྲིག་བྱས་པ་རེད།

སྤྱི་བདེ་པུའུ་ཡིས་བླང་བྱ་བཏོན་དོན། ས་འོག་ལྕགས་ལམ་གྱི་སྤྱི་པའི་འགྲིམ་འགྲུལ་གྱི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་སྒྲིག་འཛུགས་བྱས་ནས། གཉེར་སྐྱོང་ཁེ་ལས་ཀྱིས་བདེ་འཇགས་དོགས་ཟོན་ལམ་ལུགས་འཐུས་ཚང་དུ་གཏོང་བར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། བདེ་འཇགས་དོགས་ཟོན་གྱི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་དང་། བདེ་འཇགས་ཞིབ་བཤེར་དང་སྐོར་ཞིབ། འཕྲལ་སྡོམ་ཐག་གཅོད་སོགས་བྱེད་ཐབས་ཁག་དོན་འཁྱོལ་བྱེད་དགོས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་ལས་ཞུགས་མི་སྣའི་བདེ་འཇགས་དོགས་ཟོན་གྱི་གསོ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་པར་མཐོང་ཆེན་བྱས་ཏེ། གཉེར་སྐྱོང་ཁེ་ལས་ལ་རང་གིས་རང་ལ་དོ་དམ་དང་རང་གིས་རང་ལ་གསོ་སྦྱོང་། རང་གིས་རང་ལ་ཞིབ་བཤེར་བཅས་བྱེད་པར་ལྟ་སྐུལ་བྱས་ནས། སྔོན་འགོག་བྱ་ཐབས་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་དགོས། སྔོན་ཚུད་ཉེན་བརྡའི་སྔོན་འགོག་ནུས་པ་ཆེ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་བཏང་ནས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་བདེ་འཇགས་བརྟན་ལྷིང་ལ་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་དང་འཕྲལ་སྡོམ་སྲོག་ཉེན་ལས་ཐར་ཐབས་བྱེད་པའི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས། གནས་ཚུལ་ཛ་དྲག་འོག་ཏུ་འགྲུལ་པས་རང་འགོག་རང་སྐྱོབ་དང་ཉེན་ཁ་ལས་གཡོལ་བ་སོགས་ཀྱི་སྔོན་ཚུད་ཐག་གཅོད་ཀྱི་ནུས་པ་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཕྱིར་བསྐྱོད་ཀྱི་བདེ་འཇགས་ལ་དེ་བས་འགན་ལེན་བྱེད་དགོས།

སྤྱི་བདེ་པུའུ་ཡིས། ས་འོག་ལྕགས་ལམ་གྱི་སྤྱི་སྤྱོད་རླངས་འཁོར་ནང་བུད་མེད་ལ་ཆགས་སྲེད་སློང་བ་སོགས་བདེ་འཇགས་བཅོས་སྒྲིག་གི་དཀའ་གནད་སེལ་བར་དམ་པོར་དམིགས་ཏེ། ཆེད་དོན་རྡུང་རྡེག་གཏིང་ཟབ་བཏང་ནས། ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་གྱི་ས་ཁོངས་རང་བཞིན་དང་ཚོགས་པའི་ཁྲིམས་འགལ་ཉེས་གསོག་ལ་མགྱོགས་མྱུར་སྒོས་ཞིབ་བཤེར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་ལ་སྡོད་པའི་ཕྱིར་བསྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཉེན་རྟོག་པ་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚད་མཐོ་ཤོས་ཀྱི་སྒོ་ནས་ཉེན་རྟོག་པ་འཐབ་ས་དང་པོར་གཏོང་བ། མི་སྣ་འདུ་འཛོམས་ཆེ་སའི་ས་འོག་ལྕགས་ལམ་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་དང་ཉེ་འཁོར་གྱི་སྐོར་གཡེང་འགོག་སྡོམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཉེན་རྟོག་པ་མཐོང་ཚད་དང་དོན་དག་སྒྲུབ་ཚད་མཐོ་རུ་ཏན་ཏིག་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་སྣང་ཆེ་རུ་གཏོང་དགོས། དུས་བདེའི་དང་བླངས་པ་སོགས་མཉམ་འགོག་མཉམ་བཅོས་ཀྱི་དཔུང་ཁག་སྟོབས་ཆེར་བཏང་ནས། མང་ཚོགས་ལ་བཀག་སྡོམ་དངོས་རྫས་ཤེས་རྟོགས་དང་ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་བྱེད་པ། ཁྲིམས་འགལ་བྱ་སྤྱོད་བཀག་འགོག་བྱེད་པ་བཅས་ཀྱི་སྐུལ་ལྕག་གཏོང་བ་དང་། མི་དམངས་མང་ཚོགས་བདེ་འཇགས་དོགས་ཟོན་ནང་ཞུགས་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱེད་དགོས། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་མཉམ་འགུལ་མཐའ་འཁྱོངས་བྱས་ནས། འཕྲལ་སྡོམ་ཐག་གཅོད་སྔོན་ཇུས་དང་འཕྲལ་བསྟུན་བྱ་སྤྱོད་སྤེལ་བའི་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།