ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་འབྲེལ་པུའུ་ཡི་གསལ་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གི་གྲོས་དཔོན་ཕེ་ལོ་ཞི་ཡིས་ཀྲུང་གོས་ངོ་རྒོལ་དྲག་པོ་དང་འབྲེལ་གཏུག་ནན་མོ་བྱས་པར་མ་འཛེམས་པར། ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པ་དེས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞི་ལ་བརྡབ་གསིག་ཚབས་ཆེན་བཟོས་པ་དང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་གནོད་པ་ཚབས་ཆེན་བསྐྱལ་ལ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་འཇགས་ལ་གཏོར་བརླག་ཚབས་ཆེན་བྱས་ཏེ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་ཚབས་ཆེན་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་རྒོལ་གཏམ་དྲག་པོ་བཏང་བ་ཡིན་ལ། ཨ་མེ་རི་ཁའི་ཕྱོགས་ལ་འབྲེལ་གཏུག་ནན་མོ་བྱས་པ་དང་རྒོལ་གཏམ་དྲག་པོ་བཏང་ཡོད།

འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་ཡིན། 1971ལོར་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད2758པས་དེ་གཏན་འབེབས་གསལ་བོ་བྱས་ཡོད། 1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། རྒྱལ་ཁབ181གིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་རྨང་གཞིའི་སྟེང་ཀྲུང་གོའི་བར་དུ་འབྲེལ་བ་བཙུགས་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཀྱི་ཐུན་མོང་ལྟ་བ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན།

1979ལོར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་རིའི་བར་འབྲེལ་བ་བཙུགས་པའི་སྤྱི་བསྒྲགས་ནང་དུ། “ཨ་མེ་རི་ཁས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་སྲིད་གཞུང་ཁོ་ན་ཡིན་པ་ཁས་ལེན་པ་ཡིན་ལ། གཞི་ཁྱོན་དེའི་ནང་དུ་ཨ་རིའི་མི་དམངས་ཀྱིས་ཐའེ་ཝན་མི་དམངས་བར་དུ་རིག་གནས་དང་ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་པ་བཅས་སྲུང་འཛིན་བྱ་རྒྱུ་ཡིན”ཞེས་དམ་བཅའ་གསལ་བོ་བཞག་ཡོད། ཨ་རིའི་རྒྱལ་ཚོགས་ནི་ཨ་རི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས། ཨ་རི་སྲིད་གཞུང་གི་ཀྲུང་གོ་གཅིག་གི་སྲིད་ཇུས་བརྩི་སྲུང་ནན་མོ་བྱེད་འོས་ལ། ཀྲུང་གོའི་ཐའེ་ཝན་ས་ཁུལ་བར་དུ་དཔོན་ཕྱོགས་ཀྱི་འགྲོ་འོང་ཅི་ཡང་བྱེད་མི་འོས། ཀྲུང་གོས་དུས་ནམ་ཡང་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་གཡོ་བཅར་བྱེད་པར་ངོ་རྒོལ་བྱེད་པ་དང་། ཨ་རིའི་སྲིད་འཛིན་སྡེ་ཁག་ལ་དེར་བཀག་འགོག་བྱེད་པའི་འགན་འཁྲི་ཡོད། དམངས་གྲོས་དཔོན་པོ་ཕེ་ལོ་ཞི་ནི་ད་ལྟའི་ཨ་རིའི་རྒྱལ་ཚོགས་ཀྱི་འགོ་ཁྲིད་པ་ཡིན་ལ། ཁོ་མོ་རྣམ་པ་གང་རུང་དང་རྒྱུ་མཚན་གང་རུང་གིས་ཐའེ་ཝན་ལ་བཅར་བ་ནི། ཨ་རི་དང་ཐའེ་ཝན་དཔོན་ཕྱོགས་ཀྱི་འགྲོ་འོང་རིམ་པ་ཇེ་མཐོར་གཏོང་བའི་ཆབ་སྲིད་ཀྱི་སྙད་བརྐོས་པ་ཡིན་པས། ཀྲུང་གོས་དེ་གཏན་ནས་དང་ལེན་མི་བྱེད་པ་དང་། ཀྲུང་གོ་མི་དམངས་ཀྱིས་དེ་གཏན་ནས་ཁས་མི་ལེན།

ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་དུ་ཆེས་གལ་ཆེ་ཞིང་ཆེས་སྲོག་ཤིང་དུ་གྱུར་ལ། ཆེས་ཚོར་སྐྱེན་གྱི་གནད་དོན་ཡིན། དེང་སྐབས་ཐའེ་ཝན་མཚོ་འགག་གི་གནས་བབ་དེ་གསར་དུ་ཛ་དྲག་གི་འགྲན་སློང་ཚབས་ཆེན་དང་འཕྲད་པའི་རྩ་བའི་རྒྱུ་རྐྱེན་ནི་ཐའེ་ཝན་གྱི་དབང་འཛིན་པ་དང་ཨ་རིས་ད་ལྟའི་གནས་བབ་མཚམས་མ་ཆད་པར་བསྒྱུར་བ་དེ་ཡིན། ཐའེ་ཝན་གྱི་དབང་འཛིན་པས་ཡང་དང་བསྐྱར་དུ“ཨ་རིར་འཁེན་ནས་རང་བཙན་གྱི་ལྐོག་གཡོ་བཤམས་པ”དང་།“གོ་གཉིས་ལོའི་ཐུན་མོང་ལྟ་བ”ཁས་མི་ལེན་པར། “ཀྲུང་གོ་འདོར་བ་ཅན”་གྱི་བྱ་འགུལ་ཆེས་ཆེར་སྤེལ་བཞིན་པ་དང་། “རིམ་འཇུག་རྣམ་པའི་ཐའེ་ཝན་རང་བཙན”ལག་བསྟར་བྱེད་བཞིན་ཡོད། ཨ་རིས“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི”ལྐོག་གཡོ་བཅངས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་མ་ཆད་པར་འཁྱོག་བཤད་དང་མོག་སྒྱུར། ཁུང་འབྲུ་བཅས་བྱེད་བཞིན་པ་དང་། ཨ་རི་དང་ཐའེ་ཝན་གྱི་དཔོན་ཕྱོགས་འགྲོ་འོང་ལ་ཤུགས་བསྣན་ནས། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་འགུལ་ལ་རྒྱབ་སྐྱོར་དང་ངན་སྐུལ་བྱེད་བཞིན་ཡོད། དེ་ནི་མེ་རྩེ་བ་ལྟ་བུའི་ཉེན་ཁ་ཅན་གྱི་བྱ་སྤྱོད་ཡིན་ལ། མེ་རྩེ་མཁན་གྱིས་ཐ་མར་རང་ཉིད་བསྲེག་ངེས།

ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཐའེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ནི་རྒྱུན་འཇགས་ཡིན། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་ནི་ཀྲུང་གོ་མི་དམངས་དུང་ཕྱུར14ཡི་འདོད་བློ་བརྟན་པོ་ཡིན་པ་དང་། མེས་རྒྱལ་ཡོངས་སུ་གཅིག་གྱུར་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ཐུན་མོང་གི་སེམས་འདུན་དང་བླ་མེད་འགན་འཁྲི་ཡིན། དམངས་ཀྱི་འདུན་པར་འགལ་མི་ཆོག་ཅིང་འཕེལ་ཕྱོགས་ཆེན་པོ་བཟློག་ཏུ་མེད། རྒྱལ་ཁབ་གང་དང་སྟོབས་ཤུགས་གང་། མི་སུ་ཡིན་རུང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་སྲུང་སྐྱོབ་བྱེད་པ་དང་། རྒྱལ་ཁབ་ཀྱི་གཅིག་གྱུར་དང་མི་རིགས་ཀྱི་བསྐྱར་དར་མངོན་འགྱུར་བྱེད་པའི་ཆོད་སེམས་བརྟན་པོ་དང་འདོད་བློ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་ནོར་འཁྲུལ་གྱི་ཚོད་རྩིས་བྱེད་མི་རུང་། ཨ་རིའི་དམངས་གྲོས་དཔོན་པོས་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་གཡོ་བཅར་བྱས་པ་དེར། ཀྲུང་གོས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་དེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་བར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་ངེས་ཡིན་ལ། དེ་ལས་བྱུང་བའི་མཇུག་འབྲས་ཡོད་ཚད་ལ་ངེས་པར་དུ་ཨ་རི་དང“ཐའེ་ཝན་རང་བཙན”ཁ་བྲལ་སྟོབས་ཤུགས་ཀྱིས་འགན་ཁུར་དགོས།

ཀྲུང་གོ་དང་ཨ་རི་ནི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། འབྲེལ་འདྲིས་ཀྱི་ལམ་ཡང་དག་པ་ནི་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། འགྲན་ཟླར་མི་ལངས་པ། མཉམ་ལས་མཉམ་རྒྱལ་བཅས་བྱ་རྒྱུ་ཁོ་ན་ཡིན། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ནར་གཏོགས་པས། རྒྱལ་ཁབ་གཞན་པ་གང་ལའང་ཐའེ་ཝན་གནད་དོན་གྱི་ཁྲུན་གཅོད་དཔོན་བྱེད་པའི་དབང་ཆ་མེད། ཀྲུང་གོས་ཨ་རིས“ཐའེ་ཝན་གྱི་ལག་ཆ”བཟུང་སྟེ་“ཐའེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད”མཚམས་འཇོག་པ་དང་། ཐའེ་ཝན་གྱི་དོན་དག་ལག་བསྲིང་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་པ། བྱེད་ཐབས་སྣ་ཚོགས་སྤྱད་དེ“ཐའེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་རྒྱ་ཡན་དུ་གཏོང་མཚམས་འཇོག་པ་དང་། ཐའེ་ཝན་གནད་དོན་ཐད་ཁ་བཤད་དོན་ལ་མི་གནས་པའི་མཚམས་འཇོག་པ། ཀྲུང་གོ་གཅིག་གི་རྩ་དོན་འཁྱོག་བཤད་དང་མོག་སྒྱུར། ཁུང་འབྲུ་བཅས་བྱེད་མཚམས་བཞག་སྟེ། བྱ་སྤྱོད་དངོས་ལས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་ཁེལ་བརྩི་སྲུང་བྱས་ནས། ཨ་རིའི་མགོ་ཁྲིད་པས་བཞག་པའི“མི་བྱེད་པ་བཞི་དང་མི་འདོད་པ་གཅིག”གི་དམ་བཅའ་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་ལས། ནོར་འཁྲུལ་དང་ཉེན་ཁའི་ལམ་དུ་རྒྱང་ནས་རྒྱང་དུ་མི་བསྐྱོད་རྒྱུའི་འབོད་སྐུལ་ནན་མོ་བཏང་བ་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།