ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པའི་ཐད་ནས་གཏམ་བཤད་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པར་དམིགས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་གཏམ་བཤད་སྤེལ་བ་གཤམ་གསལ་ལྟར། 

ཟླ་བརྒྱད་པའི་ཚེས་གཉིས་ཉིན། ཨ་མེ་རི་ཁའི་རྒྱལ་ཚོགས་དམངས་གྲོས་ཁང་གི་གྲོས་དཔོན་ཕའེ་ལོ་ཞི་ཡིས་ཀྲུང་གོའི་ཕྱོགས་ཀྱིས་འབྲེལ་གཏུག་ནན་མོ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པར་མ་འཛེམ་པར་ཨུ་ཚུགས་མཐར་སྐྱེལ་གྱིས་ཀྲུང་གོའི་ཐེ་ཝན་ས་ཁུལ་དུ་གཡོ་བཅར་བྱས་པ་དང་། བྱ་སྤྱོད་དེ་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་མེ་རི་ཁའི་མཉམ་འབྲེལ་སྤྱི་སྒྲོག་གསུམ་གྱི་གཏན་འཁེལ་དང་རྩ་བ་ནས་འགལ་ཡོད་ཅིང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་གཏོར་བརླག་ཚབས་ཆེན་བཏང་ཡོད་པ་དང་། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་ལ། “ཐེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་བཏང་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་རྒོལ་གཏམ་དྲག་པོ་བཏང་བ་ཡིན།

འཛམ་གླིང་སྟེང་ཀྲུང་གོ་གཅིག་མ་གཏོགས་མེད་པ་དང་། ཐེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཧྲིལ་བོའི་ཚབ་བྱེད་པའི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་པུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཨ་མེ་རི་ཁས་ཕྱི་ཕྱོགས་འབྲེལ་བ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ལ། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་ཆབ་སྲིད་རྨང་གཞིའང་ཡིན། ཨ་མེ་རི་ཁས་ཐེ་ཝན་གནད་དོན་ཐད་ནས་ཀྲུང་གོར་ཁས་ལེན་དམ་བཅའ་བྱས་ཡོད་ཀྱང་། དོན་དངོས་བྱ་སྤྱོད་ཁྲོད་ཨ་མེ་རི་ཁ་དང་ཐེ་ཝན་གྱི་ངོ་བོའི་འབྲེལ་བ་དང་དཔོན་ཕྱོགས་ཀྱི་འགྲོ་ཡོང་ལ་ཤུགས་སྣོན་བྱས་ཏེ། “ཐེ་ཝན་རང་བཙན”གྱི་ཁ་བྲལ་སྟོབས་ཤུགས་ལང་ཤོར་དུ་བཏང་ནས་རྒྱབ་སྐྱོར་བྱས་པ་དང་། “ཐེ་ཝན་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་བྱེད”པའི་གཡོ་ཇུས་འཐེན་ནས། ཐེ་ཝན་མཚོ་འགག་གི་ཞི་བདེ་དང་གཏན་འཇགས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་སྲིད་གཞུང་དང་མི་དམངས་ཀྱིས་མུ་མཐུད་དུ་གཅིག་ཆོད་ཀྱི་ནུས་ལྡན་བྱེད་ཐབས་སྤྱད་དེ། རང་སྟེང་གི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན། 

ཐེ་ཝན་གྱི་གནད་དོན་དེ་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འབྲེལ་བ་ཡོད་ཅིང་། ཀྲུང་གོར་འོས་མེད་འགྲིག་ཐབས་དང་གཟུར་བཤོལ་བྱེད་ས་གང་ཡང་མེད། 《ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ལས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། “ཐེ་ཝན་རང་བཙན”གྱི་ཁ་བྲལ་ལ་ཚོད་འཛིན་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཝན་གནད་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་སོགས་གནད་དོན་གལ་ཆེན་ཐད་གཏན་འཁེལ་གསལ་བོ་བྱས་ཡོད། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་ཐེ་ཝན་གནད་དོན་ཐད་ཀྱི་ལངས་ཕྱོགས་ནམ་ཡང་འགྱུར་བ་མེད་པ་དང་། མཐའ་གཅིག་ཏུ་ཀྲུང་གོའི་རྒྱལ་ཁབ་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་ནི་ཀྲུང་གོའི་མི་དམངས་ཐེར་འབུམ་གཅིག་དང་དུང་ཕྱུར་བཞི་ལྷག་གི་སེམས་འདུན་བརྟན་པོ་ཡིན་པས། ཀྲུང་གོའི་ཕྱོགས་ཡོངས་ཀྱི་གཅིག་གྱུར་དང་མི་རིགས་རླབས་ཆེན་བསྐྱར་དར་ལ་བར་ཆད་བཟོ་བའི་གཡོ་ཇུས་གང་ཡིན་ཡང་ཕམ་ཉེས་སུ་འགྲོ་སྲིད་པ་ཁོ་ཐག་ཡིན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།