ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨ་མེ་རི་ཁ་ཕྱོགས་ཐའེ་ཝན་གནད་དོན་ཐད་ནས་ཁ་དན་ཚིག་ལ་མ་གནས་པ་ནི་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་ཡིན་ལ།དེས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཡིད་ཆེས་སྔར་ལས་ཉམས་དམས་སུ་འགྲོ་སྲིད་ཅེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་དུས་ཚོད་ཟླ་བརྒྱད་པའི་ཚེས་གཉིས་ཉིན།    རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་ལ་ཞུགས་པར་མ་ཟད།   ཨེ་ཤ་ཡ་དབུས་མར་འཚམས་འདྲི་བྱས་རྗེས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་ཐའེ་ཝན་གནད་དོན་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་བརྟན་པོ་གསལ་བཤད་བྱས།

ཝང་དབྱི་ཡིས་བསྟན་དོན།     ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ཁྱབ་ཀྱི་གཅིག་མཐུན་ངོས་འཛིན་ཡིན་པ་དང་།  ཀྲུང་གོས་རྒྱལ་ཁབ་སོ་སོའི་བར་བརྗེ་རེས་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞི་ཡིན་པར་མ་ཟད།  ཀྲུང་གོའི་ཁེ་ཕན་གཙོ་བོའི་གྲས་ཀྱི་གཙོ་བོ་ཡིན་པ་དང་།   བརྒལ་ཐབས་མེད་པའི་དམར་མཚམས་དང་ཚད་མཐའ་ཡིན།    ཨ་མེ་རི་ཁའི་མི་ལ་ལས་ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོའི་བདག་དབང་ལ་ཡང་དང་བསྐྱར་དུ་འགྲན་སློང་བྱས་ཏེ་ཀྲུང་གོ་གཅིག་གི་སྲིད་ཇུས་ཁུང་འབྲུ་བྱས་པ་དང་།   ཐ་ན་བསམ་གཟས་ནས་ཐའེ་ཝན་མཚོ་འགག་ཏུ་རྙོག་དྲ་བཟོ་བཞིན་ཡོད།   ཀྲུང་གོ་མི་དམངས་ཀྱིས་དོན་དེ་གཏན་ནས་དང་ལེན་བྱེད་མི་སྲིད་ལ།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་ལུགས་མེད་དཀྲུག་འཕེན་བྱ་སྤྱོད་དེའི་རིགས་ལ་ཁྲེལ་དགོད་བྱེད་ངེས་རེད།

ཝང་དབྱི་ཡིས་བཤད་རྒྱུར།   ཐེངས་འདིའི་འཚམས་འདྲིའི་སྐབས་སུ།  རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དག་གིས་ཐུག་འཕྲད་གྲོས་མོལ་ཁྲོད་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་བྱེད་རྒྱུ་གསལ་བོར་བསྟན་པ་དང་།    ཚང་མས་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་འདོད་ལ།  ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐའེ་ཝན་གནད་དོན་སྟེང་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་ཡིན།   འདིར་ཡང་བསྐྱར་གསལ་སྟོན་བྱ་རྒྱུ་ཞིག་ལ།   ཀྲུང་གོ་གཅིག་གི་རྩ་དོན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མི་སེམས་ཕྱོགས་ས་དང་འཕེལ་ཕྱོགས་གཙོ་བོ་ཡིན་ཟེར།

ཝང་དབྱི་ཡིས་ནན་གྱིས་བསྟན་དོན།    ཨ་མེ་རི་ཁས་ཐའེ་ཝན་གནད་དོན་ཐད་ནས་ཁ་དན་ཚིག་ལ་མ་གནས་པ་ནི་ངོ་ཚ་མེད་པའི་བྱ་སྤྱོད་ཅིག་ཡིན་ལ།   དེས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཡིད་ཆེས་སྔར་ལས་ཉམས་དམས་སུ་འགྲོ་སྲིད།  ཨ་མེ་རི་ཁའི་ཆབ་སྲིད་འགོ་ཁྲིད་པ་ལ་ལས་རང་ཉིད་ཀྱི་ཁེ་ཕན་ཁོ་ན་བསམ་སྟེ་མངོན་སུམ་འཛེམ་མེད་ཀྱིས་ཐའེ་ཝན་གནད་དོན་ཐད་འཁྲུག་རྐྱེན་བསླང་ནས་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་བཞི་དགྲ་རུ་བཟུང་ན་མཇུག་འབྲས་བཟང་བོ་ཞིག་གཏན་ནས་ཡོད་མི་སྲིད།   ཨ་མེ་རི་ཁའི་བཙན་ཤེད་དང་བརྙས་བཅོས་ཀྱི་བྱ་སྤྱོད་ངན་པ་གསལ་རྗེན་དུ་མངོན་པ་ལས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཨ་མེ་རི་ཁ་ནི་མིག་སྔའི་ཞི་བདེའི་ཆེས་ཆེ་བའི་གཏོར་བརླག་མཁན་ཡིན་པ་གསལ་བོར་ཤེས་སུ་བཅུག་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།