ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་མེས་རྒྱལ་གཅིག་གྱུར་བྱེད་པའི་ཆོད་སེམས་ནི་རི་རབ་བཞིན་དུ་བརྟན།

ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ངོ་རྒོལ་དྲག་པོ་དང་འབྲེལ་གཏུག་ཚ་ནན་ལ་མ་བལྟོས་པར་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམས་འདྲི་བྱས་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་ཚབས་ཆེན་འགལ་བ་དང་། ཀྲུང་ཨའི་འབྲེལ་བའི་ཆབ་སྲིད་རྨང་གཞིར་ཕོག་ཐུག་ཚབས་ཆེན་བཏང་ཞིང་། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་བཙན་གནོད་ཚབས་ཆེན་བཏང་བ་མ་ཟད། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་ཚབས་ཆེན་བཏང་སྟེ། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ལ་ནོར་འཁྲུལ་གྱི་བརྡ་རྟགས་ཚབས་ཆེན་བཏང་བ་རེད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་ལུགས་མཐུན་དང་ཁྲིམས་མཐུན་བཅས་ཀྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་ཐོན་པའི་མཇུག་འབྲས་ཚང་མ་ངེས་པར་དུ་ཨ་རི་ཕྱོགས་དང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་གཏོགས་ཀྱིས་འགན་འཁུར་དགོས།

ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་རྒྱལ་ཁབ་སོ་སོ་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་པའི་གཞི་རྩའི་རྩ་དོན་ཡིན་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་གྱི་གྲུབ་ཆའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཀྲུང་གོ་དང་ཨ་རིའི་དབར་ཕྱི་འབྲེལ་བཙུགས་པའི་སྤྱི་བསྒྲགས་ནང་ཨ་རིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོའི་ཁྲིམས་མཐུན་གྱི་སྲིད་གཞུང་ཁོ་ན་དེ་ཡིན་པ་ཁས་ལེན་བྱས་ཡོད་པ་དང་། ཁྱབ་ཁོངས་དེའི་ནང་ཨ་རིའི་མི་དམངས་ཀྱིས་ཐའེ་ཝན་མི་དམངས་ལ་རིག་གནས་དང་ཚོང་དོན། གཞུང་ཕྱོགས་མིན་པའི་འབྲེལ་བ་གཞན་དག་བཅས་རྒྱུན་འཁྱོངས་བྱས་ཆོག་པར་བསྟན་ཡོད། ཨ་རིའི་རྒྱལ་ཚོགས་ནི་ཨ་རི་སྲིད་གཞུང་གི་གྲུབ་ཆ་ཞིག་ཡིན་པ་དང་ཕེ་ལུའོ་ཤིས་ནི་ཨ་རི་སྲིད་གཞུང་གི་མི་སྣ་ཨང་གསུམ་པ་ཡིན་པས། ཨ་རི་སྲིད་གཞུང་གིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་བརྩི་སྲུང་ནན་པོ་ཞུ་དགོས་པ་དང་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་བཏོན་པའི་ཆབ་སྲིད་ཀྱི་ཁས་ལེན་ལ་བརྩི་སྲུང་ནན་པོ་ཞུ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་གྲོས་མིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། འོན་ཀྱང་ཨ་རི་ཕྱོགས་ལ་ཁ་དན་ཚིག་གནས་ཟེར་བ་གང་ཡང་མེད་ཅིང་། ཁ་ཞེ་མི་མཐུན་པས་ཡིད་རྟོན་ཅི་ཡང་མེད། ཨ་རི་ཕྱོགས་ཀྱིས་ཨ་རིའི་ཀྲུང་གོ་གཅིག་གི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ལྡོག་ཀྱང་ཡོང་མི་སྲིད་པ་དང་ཨ་རི་ཕྱོགས་ཀྱིས་ཐའེ་ཝན་གྱི“རང་བཙན”ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་བསྐྱར་བསྒྲགས་ཡང་ཡང་བྱས་ན་ཡང་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱས་པས། ཨ་རི་ཕྱོགས་ཀྱི་ཆབ་སྲིད་ཀྱི་ཁས་ལེན་མང་པོ་སྣང་མེད་དུ་བཏང་བར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སུ་ཡིས་ཐའེ་ཝན་མཚོ་འགག་གི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། སུ་ཞིག་གིས་ཀྲུང་ཨའི་འབྲེལ་བར་གཏོར་བཤིག་གཏོང་བ། སུ་ཞིག་གིས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བ། སུ་ཞིག་གིས་རྒྱལ་སྤྱིའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་གནས་ཚུལ་གསལ་པོ་མཐོང་ཡོད། དེ་དག་ཞི་བདེ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་ཕྱོགས་ཆེན་པོ་དང་ལྡོག་པ་ཡིན་པས། མི་སུ་ཞིག་ཡིན་རུང་། ལོ་རྒྱུས་ཀྱི་དམའ་འབྱིན་ཀ་བའི་སྟེང་དུ་གཟེར་ངེས་ཡིན།

ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲིར་སོང་བ་ནི་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་སྟོང་བཤད་བྱས་པའི་ཉེན་ཁའི་བྱ་སྤྱོད་གཞན་ཞིག་རེད། དུས་སྐབས་ཤིག་རིང་། ཨ་རི་སྲིད་གཞུང་གིས་ཐའེ་ཝན་གྱི་གནད་དོན་ཐད་ནོར་འཁྲུལ་གྱི་གཏམ་སྤྱོད་ཡང་ཡང་སྤེལ་ཏེ། ཨ་རི་དང་ཐའེ་ཝན་གྱི་གཞུང་ཕྱོགས་འགྲོ་འོང་གི་རིམ་པ་རྒྱུན་མི་ཆད་པར་མཐོ་རུ་བཏང་ཡོད། ཨ་རིའི་སྲིད་གཞུང་དང་ཨ་རིའི་གླེང་ཕྱོགས་ལས་རིགས་ཁྲོད་སྐད་སྒྲ་མང་པོ་ཞིག་གིས་ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱེད་པ་དེས་ཐའེ་ཝན་གྱི་དུས་བབ་ལ་ཉེན་ཁ་ཚབས་ཆེན་བཟོས་ནས་ཨ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་པའི་ངོས་འཛིན་བྱས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དཔྱོད་ལྡན་པ་ཚོས་ཕེ་ལུའོ་ཤིས་ཀྱིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱས་པ་ནི་ཉེན་ཁ་ཆེ་བ་དང་འགན་མི་འཁུར་བའི་བྱ་སྤྱོད་ཅིག་ཡིན་པས། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་ཡོད་ཅེས་བརྗོད་པ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱིས་ཨ་རི་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་དང་ས་ཁུལ་གྱི་བརྟན་ལྷིང་དེ་གཙོ་བོར་བརྩི་དགོས་པར་བསྟན་ཡང་། མཐར་ཨ་རི་ཕྱོགས་ཀྱིས་ཕེ་ལུའོ་ཤིས་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱེད་པའི་ནོར་འཁྲུལ་གྱི་བྱེད་ཐབས་ལ་ཆོག་མཆན་བྱས། ཨ་རིས་ཕྱོགས་གཅིག་ནས“ཐའེ་ཝན་མཚོ་འགག་གི་བརྟན་ལྷིང་སྲུང་སྐྱོང”དང་།“ཐའེ་ཝན་མཚོ་འགག་གི་ད་ལྟའི་གནས་ཚུལ་སྲུང་སྐྱོང་བྱེད་པ”། “ཨ་རི་དང་ཀྲུང་གོའི་དབར་གྱི་འབྲེལ་བ་རྒྱུན་འཁྱོངས་ཀྱི་འགོག་རགས་འཛུགས་པ”བཅས་སྟོང་བཤད་བྱེད་བཞིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཕེ་ལུའོ་ཤིས་ཀྱིས་ཉེས་མིང་ཆེན་པོ་འཁུར་བར་མི་འཛེམས་པར་གང་འདོད་དུ་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཇབ་འཛུལ་འཚམ་འདྲི་བྱས་ཏེ། ཐའེ་ཝན་མཚོ་འགག་ཏུ་ཟིང་ཆ་བཟོས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བར་དཀའ་ངལ་གསར་པ་ཚབས་ཆེན་བཟོས་པ་དེ་ཐོག་ནས། ཨ་རི་ཕྱོགས་ཀྱི་དམིགས་ཡུལ་ངོ་མ་ནི“ཐའེ་ཝན་གྱི་གནད་དོན”བཟོ་བ་དང་། “ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོར་འགོག་རྐྱེན་བཟོས”ཏེ། ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པ་དེ་རེད།

བདག་དབང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པའི་ཡིན་མིན་ཆེན་པོའི་གནད་དོན་ཐད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་འོས་མེད་འགྲིག་ཐབས་དང་གཟུར་བཤོལ་བྱེད་ས་མེད། ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་ནི་ཀྲུང་གོ་དང་རྒྱལ་ཁབ་གང་རུང་བར་འབྲེལ་བ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་པས། ང་ཚོས“ཐིག་བརྒལ”གྱི་བྱ་སྤྱོད་ལ་གཏན་ནས་གུ་ཡངས་གཏོང་མི་སྲིད། ཐའེ་ཝན་གྱི་གནད་དོན་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པས། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་ཀྱི་ཆེས་གལ་ཆེ་ཞིང་ཚོར་སྐྱེན་ཆེ་བའི་གནད་དོན་གཙོ་བོ་ཞིག་རེད། ཨ་རི་ཕྱོགས་ཀྱིས“ཐའེ་ཝན་གྱི་གནད་དོན་ལ་བརྟེན་ནས་ཀྲུང་གོར་འགོག་རྐྱེན་བཟོ”བར་ཤུགས་བསྣན་ནས་ཐའེ་ཝན་མཚོ་འགག་གི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བར་སྐུལ་འདེད་བཏང་བས། དེར་ངེས་པར་དུ་རིན་དོད་ཧ་ཅང་ཆེན་པོ་སྤྲོད་དགོས། ཐའེ་ཝན་གྱི་གནད་དོན་ཐད་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ནི་ཀྲུང་གོའི་མི་དམངས་དུང་ཕྱུར14ལྷག་གི་བློ་རྩ་བརྟན་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སྔ་ས་ནས་དྲང་ནན་ངང་གསལ་བསྒྲགས་སྤེལ་ཡོད། གལ་ཏེ་ཨ་རི་ཕྱོགས་ཀྱིས་ལྐུགས་པ་ཨུ་ཚུགས་བྱས་ན། བྱེད་ཐབས་ནུས་ལྡན་སྤྱད་དེ་ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གི་ཐེ་ཇུས་དང“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་གྱི་ལྐོག་གཡོ་ཕམ་ཉེས་སུ་གཏོང་ཐུབ་ངེས་ཡིན། ཀྲུང་གོའི་མི་དམངས་ནི་ཁ་བཤད་དོན་ལ་གནས་པ་ཞིག་ཡིན། མི་སུ་ཞིག་ཡིན་རུང་ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པའི་འགྱུར་མེད་ཀྱི་ཆོད་སེམས་དང་བློ་རྩ་བརྟན་པོ། ནུས་པ་ཆེན་པོ་བཅས་ལ་ཐེ་ཚོམ་ཟ་མི་དགོས།

ཐའེ་ཝན་གནད་དོན་གྱི་ལོ་རྒྱུས་ཁུངས་སྣེ་ནི་གསལ་ལྷང་ལྷང་ཞིག་ཡིན་ལ། ངོགས་གཉིས་ནི་ཀྲུང་གོ་གཅིག་ལ་གཏོགས་པའི་དོན་དངོས་དང་ད་ལྟའི་གནས་ཚུལ་ཡང་ཁ་གསལ་གཏིང་གསལ་ཞིག་ཡིན། ཐའེ་ཝན་དམངས་གཙོ་ཡར་སྐུལ་ཏང་གི་དབང་འཛིན་ལས་ཁུངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་ཐའེ་ཝན་མང་ཚོགས་ཀྱི་བདེ་རྩ་སྣང་མེད་དུ་བཏང་སྟེ། ཕྱི་ཕྱོགས་དབང་ཤེད་པའི་འགྲིག་རྡེའུ་ལྟ་བུར་གྱུར་ནས། “ཨ་རིར་བརྟེན་ནས་རང་བཙན་གཉེར་བའི”ཉེན་ཁའི་རེ་ངན་དམར་རྗེན་དུ་བཏོན་ཡོད། ཀྲུང་ཧྭ་མི་རིགས་ལ་ཁ་ཕྲལ་ལ་ངོ་རྒོལ་དང་གཅིག་གྱུར་སྲུང་སྐྱོང་བྱེད་པའི་གཟི་བརྗིད་གྱི་སྲོལ་རྒྱུན་ལྡན་ཡོད། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ནི་མེས་རྒྱལ་གཅིག་གྱུར་གྱི་འགོག་རྐྱེན་ཆེ་ཤོས་དང་མི་རིགས་བསྐྱར་དར་གྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ཞིག་རེད། འབྱུང་རྩ་བརྗེད་པ་དང་མེས་རྒྱལ་ལ་ངོ་ལོག་བྱེད་པ། རྒྱལ་ཁབ་ཁ་ཕྲལ་གཏོང་འདོད་ཡོད་མཁན་མཐའ་དག་ལ་མཇུག་འབྲས་ཡག་པོ་རྩ་བ་ནས་མེད་པས། མི་དམངས་ཀྱིས་མཆིལ་མ་ལྟར་བསྐྱུར་བ་དང་ལོ་རྒྱུས་ཀྱི་འདྲི་གཅོད་ཐོབ་ངེས་རེད། གཅིག་གྱུར་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ཡང་དག་པའི་བགྲོད་ལམ་ཡིན། “ཐའེ་ཝན་རང་བཙན”ཞེས་པ་ནི་ལོ་རྒྱུས་ཀྱི་རླབས་རྒྱུན་དང་ལྡོག་ཞིང་། འཆི་ལམ་ཁོ་ན་ཡིན། མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བའི་ལོ་རྒྱུས་ཀྱི་གནས་བབ་ཆེན་པོའི་མདུན་དུ“རང་བཙན”གྱི་རེ་ངན་མཐའ་དག་ལ་ཕམ་ཉེས་འབྱུང་སྲིད།

དམངས་ཀྱི་འདོད་བློ་དང་འགལ་མི་རུང་ལ། གནས་བབ་ཆེན་པོ་ལས་ལྡོག་མི་རུང་། མེས་རྒྱལ་ངེས་པར་དུ་གཅིག་གྱུར་བྱ་དགོས་ལ། གཅིག་གྱུར་ཡོང་ངེས་ཀྱང་ཡིན། མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་དུས་སྐབས་དང་འཕེལ་ཕྱོགས་ཐོག་མཐའ་བར་གསུམ་དུ་ང་ཚོའི་ལག་ཏུ་དམ་པོར་འཛིན་དགོས། ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཆོད་སེམས་ནི་རི་རབ་བཞིན་དུ་བརྟན་པོ་ཡོད་པས། མི་སུ་འདྲ་ཞིག་དང་སྟོབས་ཤུགས་གང་རུང་ཞིག རྒྱལ་ཁབ་གང་ཞིག་གིས་ཀྱང་འགྱུར་ལྡོག་གཏོང་མི་ཐུབ། ང་ཚོས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་སྲིད་ལ་ཐེ་གཏོགས་དང་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། རྣམ་པ་གང་རུང་གི་སྒོ་ནས“ཐའེ་ཝན་རང་བཙན”སྤེལ་བའི་སྟོབས་ཤུགས་ལ་བར་སྟོང་གཏན་ནས་འཇོག་རྒྱུ་མིན། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།