ཞིན་ཧ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དམངས་སྲིད་པུའུ་ཡིས་ཉེ་སྔོན་འཚོགས་པའི2022ལོའི་དུས་ཚིགས་གསུམ་པའི་རྒྱུན་ལྡན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་དམངས་སྲིད་པུའུ་ཡི་གཞི་རིམ་སྲིད་དབང་འཛུགས་སྐྱོང་དང་སྡེ་ཁུལ་བཅོས་སྐྱོང་སིའི་སི་ཀྲང་ཁྲེན་གཡོད་ལེའང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1000ལས་བརྒལ་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཆེད། དམངས་སྲིད་པུའུ་དང་སློབ་གསོ་པུའུ། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག《2022ལོའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ཤིང་། 2022ལོར་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ལས་ཞུགས་ལས་དོན་སྤེལ་བར་བསྐྱོད་པའི་སྤྱིའི་བླང་བྱ་དང་གཙོ་གནད་ལས་འགན། འགན་ལེན་བྱ་ཐབས་བཅས་ཞིབ་ཚགས་དང་ཏན་ཏིག་ངང་ཡག་པོར་བསྒྲུབས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ལས་ཞུགས་ཀྱི་བར་སྟོང་ཆེ་རུ་གཏོང་བ་དང་། 2022ལོའི་མཐོ་སློབ་སློབ་ཐོན་སློབ་མ་གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་དུ་ལས་ཞུགས་ལས་གཏོད་བྱེད་པར་སྲིད་ཇུས་ཀྱི་ཁྲིད་སྟོན་བྱས་ཡོད།
ཁྲེན་གཡོད་ལེའང་གིས་བཤད་རྒྱུར། མཐོ་སློབ་སློབ་ཐོན་སློབ་མས་སྡེ་ཁུལ་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཁྲོད་འཇོན་ཐང་ངོམ་ཆོག “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཆར་འགོད་ནང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ལྕག་གཏོང་བ་དང་། ཁྲོམ་ར་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྡེ་ཁུལ་གྱི་བཅོལ་གསོ་དང་རྒན་གསོ་སོགས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་དགོས་ཞེས་གསལ་བོར་བཏོན་ཡོད། སྡེ་ཁུལ་གྱི་ཞབས་ཞུའི་དགོས་མཁོ་གསར་པ་ཟམ་མི་ཆད་པར་ཆེ་རུ་སོང་བ་དེས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་མཁོ་འདོན་བྱ་རྒྱུ་རེད། མིག་སྔའི་བར།རྒྱལ་ཡོངས་སུ་གྲོང་ཁྱེར་སྡེ་ཁུལ་གྱི་ཆེད་ལས་ལས་དོན་མི་སྣའི་ལས་གནས་ཁྲི8.2ཡོངས་བསྒྲགས་བྱས་པ་ཚང་མ་མཐོ་སློབ་སློབ་ཐོན་སློབ་མར་ཁ་ཕྱོགས་པའི་ནང་ལས་གནས་ཁྲི2.5ལ་ཆེད་དམིགས་སྒོས་མཐོ་སློབ་སློབ་ཐོན་སློབ་མ་བསྡུ་རྒྱུ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
གྲོང་ཁྱེར་སྡེ་ཁུལ་གྱི་ལས་གནས་ཁྲི8.2མཐོ་སློབ་སློབ་ཐོན་སློབ་མར་ཕྱོགས་པ།