ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་བཞི་བར་སློབ་སྦྱོང་རྩ་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བརྒྱུད་འགྲེམས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་བཞི་བར་སློབ་སྦྱོང་རྩ་འཛུགས་ནན་ཏན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བརྒྱུད་འགྲེམས་བྱས་ནས་དེ་འབྲེལ་གྱི་བརྡ་ཐོ་བཏང་སྟེ། ས་གནས་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་སྐོར་གླེང་བ་ཞེས་པའི་དེབ་བཞི་བར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་ཕན་ཚུན་རྐྱ་གཅིག་ཏུ་འཐབ་པ་དང་། འཛམ་གླིང་འདི་ཉིད་ཟིང་ཟིང་དང་འཕོ་འགྱུར་ཆེ་བའི་དུས་རིམ་གསར་པ་ཞིག་ཏུ་སླེབས་པའི་རྙོག་འཛིང་ཆེ་བའི་གནས་བབ་ལ་དམ་པོར་དམིགས་ཏེ། འཛམ་གླིང་སྟེང་མཐོང་དཀོན་པ་དང་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉེན་ཁ་དང་འགྲན་སློང་ལ་དམིགས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་གྱིས་འཆར་འགོད་བྱས་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་ཧྭ་ས་གཞི་ཆེན་པོའི་སྟེང་དུ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་བརྩམས་པའི་ལག་ལེན་རླབས་ཆེན། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་བཅས་གཅིག་བསྡུས་ཀྱིས་མཚོན་པར་བྱས་པ་དང་གསོན་ཉམས་ལྡན་པའི་ངང་ཟིན་ཐོར་བཀོད་ཡོད་པར་མ་ཟད། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་བ་ཕུལ་བ་གང་ལེགས་སྒོས་མཚོན་ཡོད་ཅིང་། དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་མཚོན་ཡོད་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་ཞེས་པའི་དེབ་བཞི་བར་སློབ་སྦྱོང་ནན་ཏན་བྱ་རྒྱུ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྩ་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་གཉེར་སྐོར་གླེང་བ་ཞེས་པའི་དེབ་བཞི་བ་དང་དེབ་དང་པོ། དེབ་གཉིས་པ། དེབ་གསུམ་པ་བཅས་སྤྱི་ཁོག་ཧྲིལ་བོ་ཞིག་ལ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མ་རྩོམ་ལ་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མ་ཡིག་ལ་སློབ་སྦྱོང་བྱེད་པ་དང་རྩ་བའི་རིགས་པ་དང་ཐོག་མའི་དགོངས་སྙིང་ཤེས་རྟོགས་ཐུབ་པར་བྱས་ཏེ། ལྷག་བསམ་རྣམ་དག་གིས་ལག་བསྟར་དང་ཡིད་ཆེས་བྱེད་ཐུབ་པར་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་གསུམ་གྱི་ཕྱོགས་གང་ཅིའི་ལས་དོན་ལེགས་སྒྲུབ་བྱེད་རྒྱུ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལེགས་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ལས་འགན་ཁག་དོན་འཁྱོལ་ནན་མོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ཏེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།