ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་ཞེས་པ་ནི་ཅི་ཞིག་ཡིན་ནམ། ཀྲུང་གོ་གུང་ཁྲན་ཏང་གིས་ཅི་ཞིག་བསྒྲུབ་དགོས་སམ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསྒྲགས་གཏམ།

ཡང་ཟླ་བདུན་པར་སླེབས་པ་དང་། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་ངོ101འགོར་སོང་། ལོ་རྒྱུས་ནི་དུས་ཚོད་ཀྱི་བཞུར་རྒྱུན་རིང་མོ་ཞིག་སྟེ། འདས་ཟིན་པར་དྲག་ཏུ་འཕྱུར་ཞིང་གང་སར་བཞུར་བ་ནས་མ་འོངས་པར་རྦ་རླབས་བཞིན་གཡོ་བའི་བར་དུ། ཡུན་རིང་ཞིང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་འདས་དོན་དེ་དག་ལ་གཙང་འཁྲུད་བྱས་ཡོད།

འདས་ཟིན་པ་དང་མ་འོངས་པའི་ལོ་རྒྱུས་ཀྱི་སྣོལ་མཚམས་སུ་འགྲེངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ལ་དུས་རབས་གསར་པའི་མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། “གང་ནས་འོངས་ཤིང་གང་དུ་འགྲོ་བ”ལ་ལན་བཟང་པོ་ཞིག་འདེབས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པའི་རྩ་བའི་གནད་དོན་འདི་ཡིད་ལ་བརྟན་པོར་འཛིན་དགོས་ཞེས་བསླབ་བྱ་ནན་མོ་གནང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལས་འགན་དང་འགུལ་སྐྱོད་རིན་ཐང་ཐད་བསྒྲགས་གཏམ་གསལ་པོ་སྤེལ་བ་ཡིན་ལ། དེས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་གཏིང་ཟབ་པའི་ལོ་རྒྱུས་རང་རྟོན་དང་ཚད་མཐོ་བའི་ལོ་རྒྱུས་རང་རྟོགས། ཤུགས་དྲག་པའི་ལོ་རྒྱུས་རང་འགུལ་བཅས་མངོན་པར་མཚོན་ཡོད།

ཀྲུང་གོ་ལ་རྒྱུས་ལོན་བྱེད་དགོས་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་བྱེད་དགོས་ཤིང་། ཀྲུང་གོ་གུང་ཁྲན་ཏང་ལ་རྒྱུས་ལོན་བྱུང་ཚེ། ད་གཟོད་ཀྲུང་གོ་ནི་ཅི་ལྟ་བུ་ཞིག་ཡིན་པ་ཤེས་ངེས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་བཟོ་པ་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཡིན་ལ། དུས་མཚུངས་སུ་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་མགོ་ཁྲིད་སྲོག་ཤིང་ཡིན་ཞེས་གསལ་པོར་བསྟན་ཡོད།

གང་ནས་ཡོང་ཞིང་གང་དུ་འགྲོ་བ་དང་། ཇི་ལྟར་འགྲོ་བ་བཅས་གསལ་པོར་ཤེས་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱིས་དྲག་ཆས་སྤྲས་པའི་རྟོགས་སད་པ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་ཁེ་ཕན་སྲུང་མཁན། མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་ཕྱོགས་སྟོན་མཁན་གྱི་སྣེ་ཁྲིད་པ། ཆེས་འོད་དུ་འཚེར་ཞིང་དྲང་གཞག་ལྡན་པ་དང་བརྗིད་རྔམ་ཅན་གྱི་ལས་དོན་ལ་འབད་འབུངས་བྱེད་མཁན་བཅས་ཡིན་པ་ནི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་པར་མ་ཟད་ད་དུང་མུ་མཐུད་དུ་ར་སྤྲོད་བྱེད་མུས་སུ་ཡོད།

(གཅིག)

མར་ཁེ་སི་རིང་ལུགས་ལ་དད་མོས་དང་། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་ལ་དད་སེམས་ལྡན་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། གུང་ཁྲན་ཏང་མིས་ཉམས་སད་སྣ་ཚོགས་ཐེག་ཐུབ་པའི་བསམ་པའི་ཀ་རྟེན་ཡིན། བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་བརྟན་པོ་སེམས་སུ་བཅངས་ནས་དེའི་ཆེད་དུ་འབད་འབུངས་ལྷོད་མེད་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཡིན།

ལོ་ངོ170ཡི་ཡར་སྔོན་དུ། མར་ཁེ་སི་དང་ཨེན་ཀི་སི་ཡིས་གུང་ཁྲན་ཏང་མིའི་ཕུགས་བསམ་ཆེན་པོ་དེ་གཉའ་གནོན་དང་བཤུ་གཞོག་མེད་ཅིང་། མི་རྣམས་འདྲ་མཉམ་དང་རང་དབང་ཡིན་པའི་ཕུགས་བསམ་ཅན་གྱི་སྤྱི་ཚོགས་ཤིག་ཏུ་འཛུགས་དགོས་ཞེས་གསལ་པོར་བསྟན་མྱོང་། ཕུགས་བསམ་འདིས་མ་འོངས་པའི་སྤྱི་ཚོགས་ནི་མི་རྣམས་རང་དབང་དང་ཁྱོན་ཡོངས་འཕེལ་རྒྱས་ཀྱི“རང་དབང་ཅན་གྱི་ཕུང་བོ”ཞིག་ཏུ་བཞེངས་སྐྲུན་བྱས་ནས། དེར་མིའི་རིགས་ཀྱིས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་ལ་བཅངས་པའི་ལྷག་བསམ་དང་རེ་འདུན་ཡོད་ཚད་བཅོལ་ཞིང་། ཕུགས་བསམ་འདིས་གཞན་དབང་གི་རྒྱལ་ཁམས་ནས་རང་དབང་གི་རྒྱལ་ཁམས་ཤིག་ཏུ་འགྲིམས་པའི་བརྒྱུད་ལམ་གསལ་པོར་བསྟན་པས། སྟོང་བསམ་སྤྱི་ཚོགས་རིང་ལུགས་པ་ནང་བཞིན་མི་རྣམས་ཀྱིས“སྟོང་སྣང་གི་ཁམས”ཤིག་ལ་ཞེ་སྐྱོ་ཞིང་སྙིང་ཉེ་བའི་སྒོ་ནས་ཡིད་སྨོན་བྱ་དགོས་དོན་མེད། ཕུགས་བསམ་འདིས“འབྱོར་ལྡན་གྲལ་རིམ་རྩ་མེད་དུ་འགྲོ་བ་དང་འབྱོར་མེད་གྲལ་རིམ་ལ་རྒྱལ་ཁ་ཐོབ་པ་ནི་ཅིས་ཀྱང་གཡོལ་ཐབས་མེད་པ་ཞིག་ཡིན་པ”དང་། “རྒྱལ་སྤྱིའི་བཟོ་པའི་མཐུན་ཚོགས་ཅིས་ཀྱང་མངོན་འགྱུར་བྱེད་དགོས་པ”གསལ་པོར་བསྟན་ཡོད། དེ་ནི་བླན་མེད་ཅིང་ཚན་རིག་དང་མཐུན་ལ། འགྱུར་མེད་བརྟན་པོ་ཞིག་ཡིན་པས། གུང་ཁྲན་ཏང་མི་གྲངས་མེད་ཀྱིས་ཡིད་སྨོན་བྱེད་ས་དང་མདུན་དུ་སྐྱོད་ས། ལག་ལེན་བསྟར་ས་བཅས་ཡིན་པའི་འབོད་སྐུལ་བཏང་ཡོད།

ཉེ་རབས་ནས་བཟུང་། ཀྲུང་གོའི་རྒྱལ་ཁོངས་ལ་གཞན་གྱིས་བཙན་འཛིན་ཐེབས་པའི་ཡ་ང་བའི་ལོ་ཟླའི་ནང་། ཀྲུང་གོ་མི་དམངས་ཀྱིས་བཙན་དབང་ལ་གཏན་ནས་མགོ་བོ་མ་སྒུར་ལ། འོད་ཟེར་སྟོང་ལྡན་སྙེག་པའི་མཚམས་ཀྱང་བཞག་མ་མྱོང་། མར་ཁེ་སི་རིང་ལུགས་ཀྲུང་གོར་དར་བ་ནས་བཟུང་། ཅི་བྱ་གཏོལ་མེད་དུ་ལུས་པའི་སྔོན་ཐོན་གྱི་ཀྲུང་གོ་པས་འཛམ་གླིང་གསར་བརྗེའི་རླབས་རྒྱུན་ཁྲོད་རེ་བ་མཐོང་བྱུང་བས། ཁོ་ཚོའི་སེམས་ཁོང་གི་ཕུགས་བསམ་དང་དད་སེམས་ཀྱི་འོད་སྣང་གསལ་བར་བྱས་སོང་། རིང་ལུགས་ནི་དར་ཆ་ཞིག་དང་མཚུངས་པར། མི་རབས་ནས་མི་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིས་རང་སྲོག་བློས་བཏང་ནས་ཕུགས་བསམ་དང་དད་སེམས་ཀྱི་སྟོབས་ཤུགས་ཤར་ཕྱོགས་རྒྱལ་ཁབ་ཆེན་པོའི་ལོ་རྒྱུས་ཀྱི་ཁྲག་རྒྱུན་ཁྲོད་འདྲེན་པར་སྐུལ་ཁྲིད་བྱས་པས། ཡུན་རིང་དུ་ཁུ་སིམ་མེར་ལུས་པའི་ཀྲུང་གོའི་འཛིན་མའི་ཁྱོན་གྱིས“དུས་རབས་གསར་པ་ཞིག་གི་སྐྱ་རེངས”བསུས་ནས། རྒྱལ་ཁབ་ཕུང་ཞིང་མི་རིགས་སྟོངས་ལ་ཉེ་བའི་གནའ་བོའི་མི་རིགས་འདི་ཉིད་རང་བཙན་དང་འབྱོར་ཕྱུག་དང་བསྐྱར་དར་བཅས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་།

གསར་བརྗེའི་ཕུགས་བསམ་ནི་གནམ་ལས་མཐོ། གུང་ཁྲན་ཏང་མི་གྲངས་མེད་ཀྱིས་དད་མོས་ཀྱི་དར་ཆའི་འོག་སེམས་པ་གཅིག་ཏུ་བསྒྲིལ་ནས། འཇིག་རྟེན་མངོན་འདོད་བློ་ལ་མི་སྐྱེས་ཤིང་། རང་ལ་ཐོབ་རེ་ཡིད་ནས་མི་བརྩོན་པར། ཕུགས་བསམ་དང་དད་སེམས་ཀྱི་ཆེད་དུ་སྔ་འགྱེལ་རྗེས་ལངས་དང་བདེན་དོན་དུ་རང་སྲོག་བློས་བཏང་བ་རེད། ལི་ཏ་ཀྲའོ་ཡིས་སྐེ་གཅོད་སྟེགས་བུའི་སྟེང“གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་གསང་མཐོན་པོས་དཔའ་ངར་དང་བཅས་བསྒྲགས་ཤིང་། ལིའུ་རེན་ཁན་གྱིས་རྐང་མཛུབ་ལ་བརྟེན་ནས“གསར་བརྗེར་རྒྱལ་ཁ་ཐོབ་པར་ཤོག”ཅེས་ཁྲག་ཡིག་བྲིས་ལ། ཝང་ཅིན་ཞི་ཡིས་ཀྲུང་གོ་གསར་པ་འཛུགས་སྐྲུན་བྱེད་པའི་ཆེད་དུ“ལོ་ངོ20ཡི་ཚེ་ཐག་བསྟུངས་དགོས་ཀྱང་། རང་སྲོག་འབེན་ལ་བཞག་ནས་སྣུམ་ཞིང་ཆེན་པོ་ལེན་དགོས”ཞེས་བསྒྲགས་པ་དང་། ཅའོ་ཡུས་ལུའུ་ཡིས་ཏང་གིས་སྤྲད་པའི་ལས་འགན་ལེགས་འགྲུབ་བྱེད་ཆེད“གསོན་ན་བྱེ་སྒང་དང་ཤི་ན་བྱེ་སྒང”ལ་བསྟིམས་མྱོང་། ཁུང་ཧྥན་སིན་གྱིས“སྔོ་ལྗང་གི་རི་ཀླུང་གང་དུ་དུར་སར་སྦས་དགོས་ཀྱང།། ཚེ་སྲོག་གི་ཁྲག་རྒྱུན་དྲོན་མོ་མཐོ་སྒང་ཡུལ་ལ་གཏོར། །”ཞེས་ཚེ་སྲོག་གི་དམ་བཅའ་བཞག་མྱོང······ཁོ་ཚོས་དེ་ལྟར་ཁུར་དུ་ལྕི་ཞིང་ཤུགས་ཀྱིས་བརྟས་པའི་འབོད་བརྡ་བཏང་བ་དེས། ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་བླ་སྲོག་དང་སེམས་པའི་གསང་བརྡ་ཡི་འོད་མདངས་འཚེར་བར་བྱས་ཡོད། ཁོ་ཚོ་ནི་རིང་ལུགས་ཀྱི་བློས་གཏོང་པ་དང་འོད་ཟེར་གྱི་འཚོལ་སྙེག་མཁན་ཡིན་ལ། ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས་ཕུགས་བསམ་དང་ཡིད་ཆེས་ཀྱི་རྡོ་རིང་བསླངས་ཏེ། ཀྲུང་ཧྭ་མི་རིགས་རྒྱུན་ཆད་མེད་པར་ཡང་རྩེ་རུ་འཛེགས་པར་ཐེམ་སྐས་བཏིངས་ཡོད།

རི་ལུང་མང་པོ་བརྒལ་ན་ཡང་། ། དཀར་བའི་བློ་ལ་འགྱུར་བ་མེད། ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ལ་བློ་དཀར་རྣམ་དག་མཁན་ངོ་མ་ཞིག་བྱེད་པའི་ངོས་ཐད་ནས། ཕུགས་བསམ་དང་ཡིད་ཆེས་ཀྱི་དར་ཆ་ནམ་ཡང་མཐོན་པོར་བསྒྲེངས་ཐོག ཏང་ཡོངས་ཀྱིས་དད་མོས་ཀྱི་རྨང་གཞི་བརྟན་པོར་གཏོང་བ་དང་། བསམ་པའི་འཚོ་བཅུད་འདང་ངེས་སྣོན་པར་དཔེ་སྟོན་སྐུལ་ཁྲིད་མཛད་དེ། ཕུགས་བསམ་དང་དད་མོས་སྟེང་ནས་ངེས་པ་དོན་གྱིས་དད་སེམས་བརྟན་ཞིང་འགྱུར་བ་མེད་པ་ཞིག་གནང་ཡོད། ཧྲང་ཧེའི་ཀྲུང་གུང་ཚོགས་ཆེན་ཐེངས་དང་པོ་འཚོགས་གནས་དང་ཅ་ཞིན་ནན་ཧུའུ་ཡི་གྲུ་གཟིངས་དམར་པོ། རི་བོ་ཅིན་ཀང་ཧྲན་དང་རྒྱང་སྐྱོད་ལམ་རྒྱུད། གནས་མཆོག་ཡན་ཨན་སོགས་སུ་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་ལོ་རྒྱུས་དངོས་སུ་ཉམས་ལེན་དང་བསྐྱར་དུ་ཏང་ནང་ལ་ཞུགས་པའི་དམ་བཅའ་བཞག་སྟེ། གསར་བརྗེའི་གཞི་རྒྱུ་རང་རྟོགས་སྒོས་རྒྱུན་འཛིན་དང་ཐོག་མའི་བསམ་འདུན་གྱི་རང་མདངས་སྔར་ལས་ཇེ་གསལ་དུ་བཏང་། བཅོས་བསྒྱུར་འཕེལ་རྒྱས་ཀྱི་འཐབ་ཕྱོགས་དང་པོ་དང་། དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་རུ། ལུའོ་ཅུན་པོ་དང་ཧོང་ཏ་ཉན། ཧོང་ཞིའུ་ཝུན་སོགས་བཀྲག་མདངས་འཚེར་བའི་མིང་རེ་རེ་ཡིས་གུང་ཁྲན་ཏང་མིའི་བརྟན་སྲུང་དང་དཔའ་ཉམས་མངོན་པར་གསལ་ཡོད། རྒྱང་རིང་བའི་མཐའ་མཚམས་ས་ཁུལ་དང་མེས་རྒྱལ་གྱི་ལྟེ་བ་རུ། “དྭངས་གཙང་གི་བརྩེ་བ་ཀྲུང་གོ་ཁོ་ནའི་ཆེད་དུ་ཡིན”དང“ཏང་གི་སེམས་པ་བདེ་བར་བཞུགས་དང་། མེས་རྒྱལ་སྟོབས་འབྱོར་རྒྱས་པར་ང་རང་ཡོད”ཅེས་པའི་བརྗིད་རྔམ་ལྡན་པའི་དམ་ཚིག་རེ་རེ་ནི་ཡངས་པའི་སྟོང་ཁམས་ཆེན་མོར་ཡུན་རིང་དྲག་ཅར་མཆེད་འདུག

རྒྱལ་ཁའི་ངང་འགྲན་སློང་ཆེན་མོར་ཁ་གཏད་འཇལ་བ་དང་ཉེན་ཁ་ཆེན་པོ་འགོག་སྲུང་བྱེད་པ། བར་ཆད་ཆེན་པོ་སེལ་བར་བྱེད་པ། འགལ་བ་ཆེན་པོ་ཐག་གཅོད་པ་བཅས་ཀྱིས། ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མང་པོར་སྐུལ་འདེད་ནུས་ལྡན་བཏང་ནས།

 “དཔེ་མི་སྲིད་པ”རེ་རེ་དཔེ་སྲིད་པར་བཏང་བ་དང་། “གསེད་འགྲོལ་བྱེད་ཐབས་མེད་པ”རེ་རེ་གསེད་འགྲོལ་བྱས་པ་ནི། ང་ཚོར“རེབ་ཐེངས་དགུ་ལ་ཤི་ཡང་འགྱོད་པ་མེད་པའི”དད་སེམས་བརྟན་པོ་ཞིག་དང་། “ལེ་དབར་སྟོང་ཕྲག་རྡོག་པས་གནོན་པའི”སྙེག་བྱ་བརྟན་པོ་ཞིག་ཡོད་པས་ཡིན། དྲང་བདེན་སྲུང་ཞིང་ལས་དོན་གསར་པར་འཇུག་པ་དང་། མཐོང་རྒྱ་ཡངས་ཤིང་ཞིབ་ཚགས་ལྡན་པར་གཞོལ་དགོས། རང་རྟོན་རང་འབད་དང་བདེན་སྲུང་གསར་གཏོད་བྱེད་པ་ནི་དུས་རབས་གསར་པའི་མི་རིགས་སྙིང་སྟོབས་ཀྱི་གསོན་ཉམས་ལྡན་པའི་དངོས་བྲིས་ཡིན་པར་མ་ཟད། དེ་བས་ཀྱང་དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་བློ་འདུན་ལ་བསྒྱུར་བ་མེད་པ་དང་བགྲོད་ལམ་ལ་འགྱུར་བ་མེད་པའི་སྙན་འཇེབས་ཀྱི་གསལ་བསྒྲགས་ཡིན། ཕུགས་བསམ་དང་དད་སེམས་ཀྱི་འོད་ཟེར་དངོས་ཡོད་ལ་འཕྲོས་ཏེ། “ཤར་འཕགས་ནུབ་འབབ”ཀྱི་གནས་ཚུལ་སྔར་ལས་མངོན་གསལ་དུ་གྱུར་པས། ང་ཚོར་བགྲོད་ལམ་རང་རྟོན་དང་གཞུང་ལུགས་རང་རྟོན། ལམ་ལུགས་རང་རྟོན། རིག་གནས་རང་རྟོན་བཅས་ཡོང་ཆོག་པའི་གནས་ལུགས་གྱ་ནོམ་པ་ཞིག་ཡོད་ལ། ང་ཚོར་མིའི་རིགས་ཀྱི་ལོ་རྒྱུས་སྟེང་མདུན་ལམ་ཆེས་བཟང་བའི་ལས་དོན་སྤེལ་བ་དང་ཕུགས་བསམ་གྱི་སྤྱི་ཚོགས་སྙེག་པའི་གཟི་འོད་འབར་བའི་འདུན་མ་ཞིག་ཡོད་ཆོག་ཆོག་གི་གདེང་ཚོད་ཡོད།

(གཉིས།)

《ཀྲུང་གོ་གུང་ཁྲན་ཏང་གི་བསྒྲགས་གཏམ》ནང“འདས་ཟིན་པའི་ལས་འགུལ་ཡོད་ཚད་ནི་མི་གྲངས་ཉུང་ཤས་ཤིག་དང་ཡང་ན་མི་གྲངས་ཉུང་ཤས་ཤིག་གི་ཁེ་ཕན་གྱི་ཆེད་དུ་བསླངས་པའི་ལས་འགུལ་ཡིན། འབྱོར་མེད་གྲལ་རིམ་གྱི་ལས་འགུལ་ནི་མི་གྲངས་མང་ཆེ་ཤོས་དང་མི་གྲངས་མང་ཆེ་ཤོས་ཀྱི་ཁེ་ཕན་གྱི་ཆེད་དུ་བསླངས་པའི་རང་བཙན་གྱི་ལས་འགུལ་ཡིན”ཞེས་གསལ་བསྒྲགས་ནན་མོ་སྤེལ་ཡོད། ཀྲུང་གོ་གུང་ཁྲན་ཏང་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་ཡིན་པའི་ཆ་ནས། དུས་ནམ་ཡང་མི་དམངས་བདེ་སྐྱིད་ལྡན་པ་དང་མི་རིགས་བསྐྱར་དར་ཡོང་བར་སྙེག་པ་ནི་ཐོག་མའི་ལས་འགན་དུ་བརྩིས་ཤིང་། དུས་ནམ་ཡང“སུ་ཡི་ཆེད་དང་སུ་ལ་བརྟེན། ང་ནི་སུ་ཡིན་པ”ཡིད་ལ་བརྟན་པོར་བཅངས་ཐོག མི་དམངས་ཀྱི་ཆེད་དུ་འཆི་གསོན་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ནས། ཏང་གི་འབད་བརྩོན་དང་མི་དམངས་ཀྱི་བདེ་སྐྱིད། ཏང་གི་ལས་དབང་དང་མི་དམངས་ཀྱི་ལས་དབང་བཅས་སྔ་མོ་ནས་གཅིག་ཏུ་འདྲེས་པར་བྱས་ཡོད།

ཏང་གི་ལོ་བརྒྱའི་འཚར་ལོངས་དེ། ། དམངས་ཀྱི་ལོ་རྒྱུས་རིང་མོ་ཡིན། ། ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ནས་འོངས་ཤིང་མི་དམངས་ལ་བློ་དཀར་བ་དང་། མི་དམངས་ལ་གསོལ་འབུལ་བྱེད་པ་ཡིན་ལ། གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལས་གང་ཞིག་བརྩམས་པ་དང་། ཡང་ན་རྒྱལ་སྐྱོབ་རྒྱལ་དར་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་གང་ཡིན་རུང་། ཚང་མ་མི་དམངས་ལ་འཚོ་བ་སྐྱིད་པོ་ཞིག་རོལ་ཏུ་འཇུག་ཆེད་ཡིན། འཐབ་འཁྲུག་གི་དུས་སྐབས་སུ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཡུལ་གྱི་གཤེད་མ་ལ་ངོ་ཡ་དང་ས་ཞིང་བགོ་བ། འཇར་པན་ལ་ངོ་རྒོལ་དང་བཙན་འཛུལ་ལ་ངོ་རྒོལ། དམངས་གཙོ་བརྩོན་ལེན་དང་བཅིངས་འགྲོལ་བཏང་བ་བཅས་བྱས་པའི་དམིགས་ཡུལ་ནི“རི་བོ་ཆེན་པོ་གསུམ”གྱི་གཉའ་གནོན་རྩ་མེད་དུ་བཏང་སྟེ། རང་དབང་འདྲ་མཉམ་གྱི་རྒྱལ་ཁབ་གསར་པ་དང་སྤྱི་ཚོགས་གསར་པ་ཞིག་འཛུགས་པའི་ཆེད་དུ་ཡིན། ཞི་བའི་ལོ་རབས་སུ། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རི་ཀླུང་བསྐྱར་འཛུགས་དང་རྨང་འདིང་ལས་སྐྲུན། བསམ་བློ་བཅིངས་འགྲོལ། བཅོས་བསྒྱུར་ཡར་བརྩོན། འགག་སྒྲོལ་མཐིལ་བརྟོལ། ཧུར་ཐག་འབད་སྐྱོད་བཅས་བྱས་པའི་དམིགས་འབེན་ནི་སྤྱི་ཚོགས་རིང་ལུགས་ཀྲུང་གོའི་དངོས་པོའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་པོར་བཏང་སྟེ། མི་དམངས་ཡོངས་ལ་སྔར་ལས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཏུ་འཇུག་ཆེད་ཡིན། དུས་རབས་ཤིག་གི་འབད་བརྩོན་དང་རྔུལ་ཆུ་ལས་མེ་ཏོག་རྣམ་པར་བཞད་པའི་རྒྱལ་ཁབ་ཅིག་བསྐྲུན་ཞིང་། དེ་ནི་རྒྱུ་ནོར་གྱིས་ཕྱུག་ཅིང་དམངས་ཀྱི་འཚོ་བ་སྐྱིད་པ། ཁྱིམ་ཚང་ཁྲི་སྟོང་མང་པོའི་གློག་སྒྲོན་ཁྲོད་མངོན་པར་གསལ་ལ། ཀྲུང་གོ་པ་རེ་རེའི་འཚོ་བའི་ཁྲོད་མངོན་པར་གསལ་ཡོད།

“མི་དམངས”ཞེས་པའི་ཡིག་འབྲུ་འདི་གཉིས་ནི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་སེམས་ཁོངས་ཀྱི་ཆེས་མཐོ་སར་ཡོད་ལ་ཆེས་གལ་ཆེ་སར་བརྩི་བ་དེ་ཡིན། “མི་དམངས་ཀྱིས་མཛེས་སྡུག་གི་འཚོ་བར་རེ་སྨོན་བྱེད་པ་ནི་ང་ཚོའི་འབད་འཐབ་དམིགས་འབེན་ཡིན” “བདག་དང་བདག་མེད་བློ་བསྐྱེད་ནས། ། དམངས་ཀྱི་རེ་བ་སྟོང་མི་བྱ”“སྲིད་ཀྱི་དར་རྒུད་དམངས་ལ་བརྟེན། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན”“མང་ཚོགས་དང་སྐྱིད་ཡོད་ན་མཉམ་སྐྱིད་དང་སྡུག་ཡོད་ན་མཉམ་འཁུར་བྱེད་པ” “མི་དམངས་ནི་ང་ཚོ་ཏང་གིས་སྲིད་སྐྱོང་བའི་གདེང་ཚོད་ཆེ་ཤོས་དེ་ཡིན” “དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་ཡིན”སོགས་ཡིད་འགུལ་ཐེབས་པའི་སྐད་ཆ་འདི་དག་གིས་ཏང་ཡོངས་ལ་ཁ་ཕྱོགས་དང་མཛུབ་ཁྲིད་གནང་ཡོད་ཅིང་། མི་དམངས་ལ་དྲོད་ཁོལ་དང་སྟོབས་ཤུགས་བསྩལ་ཡོད།

ལོ་ངོ་སྟོང་གི་དབུལ་ཕོངས་སྡུག་བསྔལ་ལས། ། དེང་གི་དུས་འདིར་ཐར་བ་མངོན་འགྱུར་བྱུང་། །མི་དམངས་ཡོངས་ལ་འབྱོར་འབྲིང་གི་འཚོ་བ་རོལ་དུ་འཇུག་ཆེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ནུས་ཤུགས་ཡོད་ཚད་བཏོན་ནས། སྔར་ཡོད་མ་མྱོང་བའི་ཤུགས་ཚད་དང་ཆོད་སེམས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པ་དང་།ཀྲུང་ཧྭ་མི་རིགས་ཡོངས་རྫོགས་དབུལ་བོ་དབུལ་ནག་ལས་ཐར་བའི་ལོ་རྒྱུས་ཀྱི་བྱ་སྤྱོད་རླབས་ཆེན་མངོན་འགྱུར་བྱས།དེ་རིང་།ཀྲུང་ཧྭ་མི་དམངས་ལྟོ་རྒྱབ་མི་ཁེབས་པ་དང་དངོས་རྫས་མི་འདང་བའི་ལོ་རབས་དང་རྩ་བ་ནས་ཁ་བྲལ་བས། ལྟོགས་སྡུག་དང་འཁྱགས་སྡུག་མྱོང་མི་དགོས་པར།མི་དམངས་མང་ཚོགས་ཀྱིས་བདེ་ཞིང་སྐྱིད་པའི་འབྱོར་འབྲིང་གི་འཚོ་བ་རོལ་བཞིན་ཡོད། མི་རྣམས་ལ་ཚོར་སྣང་ཟབ་མོ་ཞིག་ཡོད་པ་ནི། ཀྲུང་གོ་མི་དམངས་ཀྱིས་ལོ་ངོ་སྟོང་གི་རིང་ལ་ཐག་གཅོད་བྱེད་མ་ཐུབ་པ་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་ད་ལྟ་ད་རུང་ཐག་གཅོད་བྱེད་མ་ཐུབ་པར་ཡོད་པའི་དབུལ་ཕོངས་གནད་དོན་དེ། དུས་རབས་གསར་པའི་ཀྲུང་གོས་ཐག་གཅོད་ནུས་ལྡན་བྱས་པས།འདི་ནི་ཆེས་ཆེ་བའི“ཀུན་སྤྱོད་ཆབ་སྲིད”དང“བྱམས་བརྩེའི་ཆབ་སྲིད”ཅིག་ཅི་ལ་མིན།

དམངས་རྣམས་ཚེ་སྲོག་གལ་ལ་ཐུག་པའི་ཚེ། ། མེ་དཔུང་ཁྲོད་ནས་བཙོ་མའི་གསེར་འབྱུང་ལྟར། ། ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ཆེད། ཏང་ཀྲུང་དབྱང་གིས་ཏང་གི་ངོ་བོ་དང་དགོངས་དོན་ནས་མགོ་བརྩམས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ལ།ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ལ་སྣེ་ཁྲིད་དེ“ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་གང་སར་མཆེད་པ”ཤུགས་ཡོད་རྒུས་སྔོན་འགོག་དང་། “འགུལ་རྣམ་གཙང་སེལ”རྒྱུན་འཁྱོངས་བྱས་ཤིང་།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་གཅིག་གྱུར་ནུས་ལྡན་བྱས་ཏེ། དུས་ཚོད་དང་གནས་བབ་ལྟར་སྔོན་འགོག་ཚོད་འཛིན་བྱེད་ཐབས་བསྟུད་མར་ལེགས་སྒྲིག་བྱས་པས།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་མཐའ་གཅིག་ཏུ་རྣམ་པར་རྒྱལ་ཞིང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་མི་ལུས་བདེ་ཐང་ལ་ཚད་ཆེས་ཆེན་པོས་སྲུང་སྐྱོང་དང་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཚད་ཆེས་ཆེན་པོས་ཇེ་ཉུང་དུ་བཏང་། ཆག་སྒོ་འབྱུང་ལ་ཉེ་བའི་སྐབས་སུ་ཏང་ནི་ནམ་ཡང་མི་དམངས་ཀྱི་ཆེས་ཡིད་རྟོན་རུང་བ་དང་ཆེས་སྟོབས་ལྡན་གྱི་རྒྱབ་རྩ་བརྟན་པོ་ཡིན།

དམངས་ཁྲོད་སྐྱིད་སྡུག་ཅི་མཆིས་བརྗོད་པ་ན།།ཡལ་འདབ་ཡོངས་ལ་ཐུགས་རྗེ་སྙོམས་པར་མཛད།།མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེ་ཡིི་གནད་དོན་ཐག་གཅོད་བྱེད་ཆེད།རང་རེའི་ཏང་གིས་འཕེལ་རྒྱས་ཁྲོད་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ལ།མི་དམངས་མང་ཚོགས་ཀྱིས་ཆེས་ཐུགས་ཁུར་བྱེད་ཀྱིན་པ་དང་ཆེས་ཐད་ཀར་འབྲེལ་བ་ཡོད་པ། ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ལ་དམ་པོར་དམིགས་ཏེ།“ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་ལག་བསྟར་མཐའ་འཁྱོལ་དང་།“ཁང་བ་ནི་སྡོད་ས”ཡིན་པའི་གནས་མཚམས་རྒྱུན་འཁྱོངས་ལྷོད་མེད་བྱས་ཤིང་།མ་རྩ་ཡིས་མི་དམངས་དང་ཁེ་ཕན་འཕྲོག་རྩོད་བྱེད་པ་མཐའ་གཅིག་ཏུ་འགོག་སྲུང་དང་། “ཇེ་ཡང་དུ་གཏོང་བ་གཉིས”ཆོད་སེམས་ཆེན་པོས་ཁྱབ་གདལ་དུ་བཏང་ནས་སློབ་གསོའི་ནད་རྙིང་ལེགས་སྒྲིག་བྱེད་པ།ནག་ཕྱོགས་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་གཏོང་བ་སོགས་ཀྱི་བྱ་བ་རེ་རེ་བཞིན་བསྒྲུབས་པ་དང་ལོ་ཐོག་ལོ་བརྩེགས་ཀྱིས་བསྒྲུབས་ཏེ།མི་དམངས་མང་ཚོགས་ལ་འགྱུར་ལྡོག་དང་ཁེ་ཕན་མཐོང་དུ་བཅུག་ཅིང་།རྒྱ་ཆེའི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་བསྟུད་མར་ཇེ་དྲག་ཏུ་བཏང་།

སྲིད་སྐྱོང་དམངས་འཚོའི་ཆེད་དུ་ཡིན། །འབད་འཐབ་ཕྱུག་པོར་འགྱུར་ཆེད་ཡིན།།འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་སྔར་ལས་དྲང་གཞག་སྒོས་ཁེ་ཕན་ཐོབ་ཏུ་འཇུག་ཆེད།བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཉམ་དུ་ཕྱུག་པོར་འགྱུར་བའི་གནད་དོན་དེ་འབུར་དུ་དོད་ཅིང་ནན་གྱིས་བསྟན་ལ།དེ་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དུ་བརྩིས་ཏེ་སྐུལ་འདེད་བཏང་།“སྒོ་ངའི་བག་ལེབ”ཆེན་པོ་ལས་པ་དང་ལེགས་པོར་ལས་དགོས་པར་མ་ཟད་བགོ་བྱའང་ལེགས་པོར་རྒྱག་དགོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བའི་ཁྲོད་ནས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བ་དང་།སྤྱི་ཚོགས་ཀྱི་རྒྱུ་ནོར་བསྟུད་མར་སྐྲུན་པ་དང་གསོག་འཇོག་བྱེད་པ།བགོ་བྱའི་ལམ་ལུགས་བསྟུད་མར་འཐུས་ཚང་དུ་གཏོང་བ།མི་དམངས་མང་ཚོགས་ཀྱི་གསར་སྐྲུན་གསོན་ཤུགས་བསྟུད་མར་སློང་བ་བཅས་ཀྱིས།མི་དམངས་ཡོངས་རྫོགས་སྐྱིད་པའི་འཚོ་བར་སྙེགས་པའི་བགྲོད་ལམ་སྟེང་བང་གིས་རྒྱུག་དགོས།

“ཁྱོད་ཀྱི་རེ་སྙེག་ང་ཡི་རེ་སྙེག་ཏུ་བརྩི་བ་དང་ཁྱོད་ཀྱི་བདེ་སྐྱིད་ང་ཡི་བདེ་སྐྱིད་དུ་བསམ་ནས”མ་འོངས་པར་གདོང་གཏོད་དགོས། རང་རེའི་ཏང་གིས་ནམ་ཡང་མི་དམངས་བླ་ན་མེད་པ་དང་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་།ནམ་ཡང་མི་རིགས་དང་མི་དམངས་ལ་ཁེ་ཕན་སྐྲུན་པའི་ངོ་བོ་དང་དགོངས་དོན་ཆེན་པོ་རྒྱུན་འཁྱོངས་བྱས་ཏེ།མི་དམངས་ཀྱི་བསམ་འདུན་ཐུགས་ལ་བསྣམས་ཤིང་མི་དམངས་ཀྱི་ཐུགས་ཁུར་སེམས་ལ་འཛིན་པ་དང་མི་དམངས་ཀྱི་སྡུག་བསྔལ་སེམས་ནས་མི་འདོར་བར།དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་དེ།ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ཚད་མཐོན་པོའི་སྒོ་ནས་མངོན་འགྱུར་ལེགས་པོ་དང་སྲུང་སྐྱོབ་ལེགས་པོ།འཕེལ་རྒྱས་ལེགས་པོ་བཅས་སུ་གཏོང་དགོས།

(གསུམ།)

ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་གསར་སྐྱེས་འབྱུང་བའི་ཆེད་དུ་བྱུང་བ་ཡིན་ལ། མི་རིགས་བསྐྱར་དར་འབྱུང་བའི་ཆེད་དུ་དར་བ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཡིན་པའི་ཆ་ནས། ནམ་ཡང་ཀྲུང་ཧྭའི་ཡུལ་གྲུའི་སྟེང་རྩ་བ་བརྟན་པོར་ཚུགས་ཏེ་མི་རིགས་ཀྱི་ས་གཞིའི་སྟེང་དུ་བརྟན་པོར་འགྲེངས་དགོས།

ཕྱི་རྒྱལ་གྱི་མཁས་པ་ཞིག་གིས་བརྗོད་པའི་ཚོར་སྣང་ཟབ་མོ་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གསུམ་གྱི་སྲོལ་རྒྱུན་རྒྱུན་བསྲིང་བ་དེ་ནི་དེང་རབས་ཀྱི“ཧྲི་ཏ་ཧྥུ་སྡེ་ཚོགས”རེད། ཀྲུང་གོའི་ལོ་རྒྱུས་སྟེང་ནམ་ཡང་ཧུར་ཐག་འབད་འཐབ་མཁན་དང་སྲོག་བསྡོས་ཤི་འཛངས་མཁན།ཕངས་མེད་གསོལ་འབུལ་མཁན་ཆད་མ་མྱོང་བའི་དབང་གིས་ཀྲུང་ཧྭ་མི་རིགས་ཀྱི་གསོན་ཤུགས་དང་བློ་སྤོབས་དང་སེམས་ཤུགས་ལ་ཉམས་པ་མེད་པར།དཀའ་སྡུག་དང་ཀྱག་ཀྱོག་མང་པོ་བརྒྱུད་དེ་གཅིག་རྒྱུད་གཅིག་འཛིན་གྱིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས།ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དཀའ་ཁག་གདོང་གིས་བསུས་པའི་ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཤིང་སྤྱོད་བཟང་འདུན་ཆེའི་མི་སྣ་བགྲང་ལས་འདས་པ་ཞིག་གི་རེ་བ་དང་ཕུགས་བསམ་ཁུར་དུ་བླངས་ཡོད་པས།ཆེས་རྒྱ་ཆེ་བའི་འཐུས་ཚབ་རང་བཞིན་དང་ཆེས་གཏིང་ཟབ་པའི་གསར་བརྗེ་རང་བཞིན།ཆེས་ཛ་དྲག་ཆེ་བའི་རང་འགུལ་རང་བཞིན་ལྡན་པའི་སྒོ་ནས།རྒྱལ་ཁབ་ཀྱི་མདུན་ལྗོངས་དང་མི་རིགས་ཀྱི་ལས་དབང་གི་ཆེད་དུ་འབད་འཐབ་དང་དམག་འཐབ་བྱས་པས།ཀྲུང་གོའི་མི་རིགས་ཀྱི་ངར་ལྕགས་ལྟར་སྲ་བའི་སྒལ་ཚིགས་སུ་གྱུར།

ཉལ་ཐའི་དམག་འཁྲུག་དང་ཤིང་རྟ་ལོའི་ཀྲུང་རིའི་དམག་འཁྲུག རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་ཀྲུང་གོར་བཙན་འཛུལ་བྱས་པའི་དམག་འཁྲུག་སོགས་དང་།ནན་ཅིན་ཆིངས་ཡིག་དང་མ་ཀོན་ཆིངས་ཡིག ལྕགས་གླང་ལོའི་ཆིངས་ཡིག་སོགས་བཙན་འཛུལ་དམག་འཁྲུག་གི་རྡུང་རྡེག་རེ་རེ་དང་འདྲ་མཉམ་མ་ཡིན་པའི་ཆིངས་ཡིག་རེ་རེའི་སྒྲོག་ཐག་གིས། ཀྲུང་ཧྭ་མི་རིགས་དེ་སྔར་ཡོད་མ་མྱོང་བའི་མུན་ནག་གི་ཁྲོད་དུ་བསྐྱལ།“གནས་བབ་ངན་པའི་སྒྲོག་ཐག་རེ་རེ་གཏོར་ཏེ།ཕུགས་འདུན་སེམས་ཀྱི་འཇིག་རྟེན་ཞིག་སྐྲུན་པ་ནི་བདེན་ལུགས་དང་མཐུན་པས་ཟུར་གཏམ་སྤུ་ཙམ་ཡང་མེད།”ཀྲུང་གོ་གུང་ཁྲན་ཏང་ནི་རེ་བའི་འོད་སྣང་ཞིག་དང་འདྲ་བར་ཉེ་རབས་ཀྲུང་གོའི་མུན་པ་སྟུག་པོ་གཏོར་ཏེ།མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་འོད་སྣང་སྦྱིན།“དམག་གི་མིང་ལ་བཟོ་ཞིང་གསར་བརྗེ་ཟེར། །དར་ཆའི་སྟེང་དུ་ཟོར་བ་དང་སྟ་རེ་ཡོད། །”ཀྲུང་གོ་གུང་ཁྲན་ཏང་ནི་མེ་དཔུང་དང་འདྲ་བར།ཀྲུང་གོ་མི་དམངས་བགྲང་ལས་འདས་པ་ཞིག་ལ་ལས་དབང་བསྒྱུར་བའི་རེ་བ་བསྩལ་ཞིང་།ཀྲུང་གོ་གསར་བརྗེ་ཡི་མེ་ལྕེ་དྲག་པོར་སྦར།

མི་རིགས་དར་སྤེལ་དང་དཔལ་ཡོན་བསྐྱར་དར་གྱི་ཕྱོགས་སུ་མདུན་ནས་མདུན་དུ་བསྐྱོད་དགོས།ལོ་ངོ་བརྒྱ་ཡི་རིང་ལ།ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་དང་གསོ་འབུལ།གསར་སྐྲུན་རྫོགས་མེད་བྱེད་པ་དེ་དག་མདོར་བསྡུས་ན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བརྗོད་གཞི་དེ་གཅིག་པོའི་ཆེད་ཡིན།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་བཏོད་པའི་ཡང་དག་གི་བགྲོད་ལམ་དེས་མི་རིགས་བསྐྱར་དར་ལ་དངོས་པོའི་སྟོབས་ཤུགས་གྱ་ནོམ་པ་ཞིག་གསོག་འཇོག་བྱས་ཡོད།མི་ཁ་ཤས་ཤིག་གིས་བཤད་རྒྱུར།རྒྱལ་ཁབ་ནི་དུས་ཚོད་ཀྱི་ཆུ་རྒྱུན་ཁྲོད་དུ་བསྐྱོད་པའི་གྲུ་གཟིངས་ཤིག་དང་འདྲ་མོད།འོན་ཀྱང་གྲུ་གཟིངས་དེ་ལ་ཁ་ལོ་བསྒྱུར་མཁན་ཞིག་ངེས་པར་མཁོ། དེ་ལྟར་བྱས་ན་ད་གཟོད་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱས་ཏེ། དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་རྒྱལ་ཁབ་དེ་སྟོབས་ལྡན་གྱི་ཕྱོགས་སུ་བསྐྱོད་ཐུབ།ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་བརྩོན་ལྷོད་མེད་བྱེད་པ་དང་།དྲང་ལྡོག་སྡེབ་བསྣོལ་དང་ཆུང་བསགས་སྟོབས་གྲུབ་ཀྱི་དུས་རིམ་རེ་རེ་བརྒྱུད་རྗེས།དབུལ་བོ་དབུལ་རྐྱང་གི་རྒྱལ་ཁབ་དེ་དཔེ་མི་སྲིད་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་བཏང་སྟེ།རྗེས་ལུས་ཀྱི་དུས་རབས་ནས་དུས་རབས་ཀྱི་རྗེས་ཆོད་པ་དང་དེ་ནས་དུས་རབས་ཀྱི་སྣེ་ཁྲིད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་བརྒལ་མངོན་འགྱུར་བྱུང་།ཀྲུང་གོ་གུང་ཁྲན་ཏང་གིས་རང་ཉིད་ཕངས་མེད་དུ་བློས་གཏོང་བའི་རྒྱུན་མཐུད་འབད་བརྩོན་ལ་བརྟེན་ནས།ཀྲུང་ཧྭ་མི་རིགས་དེ་དབུལ་ཕོངས་ཉམས་ཞན་ནས་དར་རྒྱས་འབྱོར་ཕྱུག་ཏུ་བཏང་བས།མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་སྟེང་དུ་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཀྱི་ཟློས་གར་གསོན་པོ་ཞིག་བསྟན།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་བཏོད་པའི་ཡང་དག་གི་བགྲོད་ལམ་དེས་མི་རིགས་བསྐྱར་དར་ལ་ལམ་ལུགས་ཀྱི་སྟོབས་ཤུགས་བརྟན་པོ་ཞིག་བསྩལ་ཡོད།“བློ་གྲོས་ཆེན་པོར་བརྟེན་ནས་ལམ་ལུགས་ལེགས་བཅོས”བྱས་པས།ཀྲོའུ་ལི་དང་ཀྲོའུ་ཀྲི་གཉིས་ཀྱིས་ཀྲོའུ་རྒྱལ་རབས་ཀྱི་ལོ་ངོ800རིང་གི“རྒྱལ་སྲིད་ཡུན་བརྟན”ཡོང་བར་བྱས་ལ། ཧྲང་དབྱང་ལུགས་སྒྱུར་བྱས་པར་བརྟེན་ནས་ཆིན་རྒྱལ་རབས་ཀྱིས་ལམ་ལུགས་ཀྱི་སྟེང་ནས་རྒྱལ་ཕྲན་དྲུག་གཅིག་ཏུ་བསྡུ་བར་རྨང་གཞི་བཏིངས། དབྱིན་ཇི་དང་ཧྥ་རན་སི་སོགས་རྒྱལ་ཁབ་ཀྱི་འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེས་བཀས་བཀོད་རྒྱུན་འཛིན་ལམ་ལུགས་རྙིང་པ་མེད་པར་བཟོས་ཏེ། མ་རྩ་རིང་ལུགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་བཀག་དངོས་གཙང་སེལ་བྱས།ལམ་ལུགས་ནི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་རྩ་བའི་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་དོན་སྙིང་ལྡན།ཀྲུང་གོ་གུང་ཁྲན་ཏང་གིས་ལམ་ལུགས་འཛུགས་པ་དང་ལམ་ལུགས་གསར་གཏོད་བྱེད་པའི་གོ་རིམ་ཁྲོད།སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་དང་ཀྲུང་གོའི་རྒྱལ་ཚུལ།ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་སོགས་མཉམ་འབྲེལ་ལེགས་པོ་བྱས་པས། རིམ་གྱིས་ཆ་ཚང་ཞིང་གཏན་ཆགས་ཡིན་པའི་ལམ་ལུགས་མ་ལག་ཅིག་འཚོལ་ཞིབ་བྱས་ཏེ་ཆགས་ཡོད་ལ།དེས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་བསྟུད་མར་སྐུལ་འདེད་བཏང་སྟེ།“ཀྲུང་གོའི་བཅོས་སྐྱོང་བྱེད་ཐབས”ཀྱིས་ང་ཚོ་བསྐྱར་དར་ལམ་དུ་བརྟན་བརླིང་གིས་བསྐྱོད་པ་དང་རྒྱང་རིང་པོར་བསྐྱོད་པར་ཁག་ཐེག་བྱས།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་བཏོད་པའི་ཡང་དག་གི་བགྲོད་ལམ་དེས་མི་རིགས་བསྐྱར་དར་ལ་ཡིད་ཆེས་དང་སྤོབས་པས་ཁེངས་པའི་བསམ་བློའི་སྟོབས་ཤུགས་སྦྱིན་ཡོད།མར་ཁེ་སི་རིང་ལུགས་ཀྱི་བསམ་བློའི་འོད་སྟོང་དང་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་ཉམས་འགྱུར་གྱིས་གཏིང་ཟབ་ལ་རྫོངས་མཐུག་པའི་ཀྲུང་ཧྭའི་དཔལ་ཡོན་སླར་གསོ་དང་ཉམས་པ་མེད་པའི་མི་རིགས་ཀྱི་སྙིང་སྟོབས་གསར་སྒྱུར་བྱས་པས།ཀྲུང་གོ་པ་རྣམས་བསམ་བློའི་སྟེང་གཞན་འགུལ་ནས་རང་འགུལ་དུ་བསྒྱུར།གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་རླབས་ཆེན་གྱི་འཐབ་འཛིང་ཁྲོད།སྔ་རྗེས་སུ་རླབས་ཆེ་བའི་ཏང་འཛུགས་སྙིང་སྟོབས་དང་ཅིན་ཀང་རི་བོའི་སྙིང་སྟོབས།རྒྱང་སྐྱོད་སྙིང་སྟོབས།ཡན་ཨན་སྙིང་སྟོབས། མེ་འགོག་ཁྲའོ་རོགས་སྙིང་སྟོབས།“མདེལ་གཉིས་སྐར་གཅིག”སྙིང་སྟོབས།དམིགས་བསལ་ས་ཁུལ་གྱི་སྙིང་སྟོབས།དབུལ་ཐར་འགག་སྒྲོལ་གྱི་སྙིང་སྟོབས།རིམས་འགོག་སྙིང་སྟོབས་སོགས་ཆགས་ཡོད།འདི་ནི་དཀའ་ཁག་དང་འོད་སྟོང་གང་མང་གིས་གྲུབ་པའི་བསམ་བློའི་རྡོ་རིང་ཞིག་ཡིན་ལ།མ་འོངས་པར་ཁ་ཕྱོགས་ཏེ་སྤོབས་པ་ཆེན་པོས་མདུན་དུ་སྐྱོད་པའི་བསམ་བློའི་རྒྱུ་ནོར་ཡང་ཡིན་པས།ཏང་གི་སྲོག་རྩ་དང་མི་རིགས་ཀྱི་ཁྲག་རྒྱུན།མི་དམངས་ཀྱི་བསམ་བློའི་འཇིག་རྟེན་བཅས་སུ་འདྲེས་ཡོད།

དེ་རིང་།ང་ཚོ་ལོ་རྒྱུས་སྟེང་གི་དུས་ནམ་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་དང་ཆེས་ཐག་ཉེ་ཞིང་དམིགས་འབེན་མངོན་འགྱུར་འབྱུང་བར་ཡིད་ཆེས་དང་ནུས་པ་སྔར་ལས་ཆེན་པོ་ཡོད། དུས་རབས་གསར་པའི་ཀྲུང་གོའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དེས་མི་སེམས་ལ་ངར་ཤུགས་སྟེར་ཞིང་།ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་གྱིས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པས།མི་རིགས་ཡོངས་ཀྱི་སེམས་པ་གཅིག་ཏུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་དང་གསར་སྐྲུན་ནུས་ཤུགས་ཆེས་ཆེར་བསླངས་ཤིང་། ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་དང་ངར་ཤུགས་ཇེ་དྲག་ཏུ་བཏང་བས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གསོན་ཤུགས་ཆེན་པོ་བསྩལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་ཐད་སྔར་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་ཁག་ཐེག་དང་སྔར་ལས་བརྟན་ཞིང་བརླིང་བའི་དངོས་པོའི་རྨང་གཞི།སྔར་བས་རང་འགུལ་ཡིན་བའི་བསམ་བློའི་སྟོབས་ཤུགས་བཅས་འདོན་སྤྲོད་བྱས་ཡོད།

ལོ་རྒྱུས་ཀྱི་མཐོ་སར་འགྲེངས་ཏེ་རྒྱང་ལྟ་བྱས་ན།མི་རིགས་བསྐྱར་དར་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པའི་རྒྱུ་མཚན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་ཡིན་ལ། དུས་རབས་གསར་པར་རང་འགུལ་གྱིས་སྐྱོད་པ་དང་སྣེ་ཁྲིད་ཀྱིས་སྐྱོད་པའི་གནས་བབ་ཀྱང་ཡིན། གནས་བབ་དང་བསྟུན་ཞིང་གོ་སྐབས་དང་བསྡེབས་ཚེ། མ་འོངས་པར་མི་རིགས་ཀྱི་གནམ་ངོ་དྭངས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པ་ཁོ་ཐག་རེད།

(བཞི།)

མི་ཡུལ་བདེན་པའི་ལམ་དེ། གནམ་འོག་འགྲོ་བའི་སྤྱི་སྐལ། སྤྱི་ཚོགས་རིང་ལུགས་ནི་དྲང་བདེན་གྱི་བྱ་གཞག་དང་འོད་སྣང་གི་བྱ་གཞག་ཡིན་ལ། མི་ལོ་སྟོང་ཕྲག་རིང་། མི་རྣམས་ཀྱིས་མཛེས་པའི་སྤྱི་ཚོགས་ལ་བཅངས་པའི་རེ་སྨོན་ཡང་ཡིན་པས། འགྲོ་བ་མིའི་སྤྱི་ཚོགས་ཀྱི་ལས་དབང་གཅིག་མཐུན་དང་ལྡོག་མེད་འཕེལ་ཕྱོགས་ཀྱིས་འབྱེད་ངེས་པའི་མ་འོངས་པར་ཕྱོགས་ཡོད།

ཀྲུང་གོ་གུང་ཁྲན་ཏང་ནི་མི་དམངས་ལ་བདེ་སྐྱིད་འཚོལ་མཁན་དང་མི་རིགས་ཀྱི་བསྐྱར་དར་སྙེག་པའི་ཏང་ཞིག་ཡིན་ལ། མིའི་རིགས་ཡར་རྒྱས་དང་འཛམ་གླིང་གཅིག་མཐུན་བརྩོན་པའི་ཏང་ཞིག་ཀྱང་ཡིན་པ་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱིས་ར་སྤྲོད་ཡང་དག་བྱས་ཡོད། ང་ཚོའི་ཏང་གིས་ཐོག་མཐའ་ཀུན་ཏུ་འཛམ་གླིང་གི་མིག་རྒྱང་ལ་བརྟེན་ནས་མིའི་རིགས་ཀྱི་མ་འོངས་མདུན་ལམ་ལ་དོ་ཁུར་དང་། ཡངས་པའི་ལམ་ཆེན་བགྲོད་པར་གནམ་འོག་ཁྱིམ་གཅིག་ཡིན་པའི་ལག་ལེན་རིན་ཐང་བསྟར་གྱིན་ཡོད། རང་སྟེང་གི་འབད་བརྩོན་དང་གྲུབ་འབྲས་ལ་བརྟེན་ནས་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་བཟོས་ཏེ། མིའི་རིགས་ཀྱི་ཡར་སྐྱེད་དང་འཛམ་གླིང་ཞི་བདེ་ལ་སྐུལ་ལྕག་གི་ནུས་པ་ལྡན་པའི་བྱས་རྗེས་གལ་ཆེན་བཞག་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱའི་འབད་འཐབ་ཀྱི་རང་སྟོབས་ལ་བརྟེན་ནས་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལ་སྐུལ་འདེད་བཏང་། ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་ནི་ཏང་ཁག་ཆེན་པོ་ཞིག་ཡིན། ང་ཚོས་རང་ས་རང་ཡུལ་ནས་འབད་འཐབ་བྱས་པ་ལས། རང་གི་ལས་དབང་ལ་བསྐྱུར་བཀོད་ཐེབས་པར་མ་ཟད་འཛམ་གླིང་གི་འཕེལ་ཕྱོགས་དང་གནས་བབ་ལའང་ཤུགས་རྐྱེན་ཐེབས་ཡོད། གསར་བརྗེའི་ལོ་རབས་སུ་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱས་པ་ནས། འཛུགས་སྐྲུན་དུས་སྐབས་སུ་འཛམ་གླིང་གསུམ་པའི་རྒྱལ་ཁབ་དག་དང་མཐུན་སྒྲིལ་གྱིས་བཙན་དབང་ལ་ངོ་རྒོལ་བྱས་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་འཛམ་གླིང་གི་འཕེལ་འགྲོས་ཀྱི་རྗེས་སྙེག་པའི་སྐབས་གང་ཡིན་ཡང་། མིའི་རིགས་ཀྱི་ཡར་སྐྱེད་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཏུ་གྱུར་ཡོད། ལྷག་པར་དུ་དུས་སྐབས་གསར་པར་སླེབས་པ་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་གཅིག་ལྕོགས་དང་འགྱུར་ལྡོག་ལ་ཁ་གཏད་དང་རྣམ་པ་གསར་འབྱེད་བྱས་པས། མི་འབོར་དུང་ཕྱུར14ཡོད་པའི་ཤར་ཕྱོགས་རྒྱལ་ཁབ་ཆེན་པོ་འདིར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེ་བ་འདིས“ངོ་མཚར་གཉིས”ཀྱི་རྒྱུན་བསྐྱངས། ང་ཚོའི་འཕེལ་རྒྱས་ཇེ་ལེགས་ནས་ཇེ་ལེགས་དང་རིན་ཐང་ཇེ་ཆེ་ནས་ཇེ་ཆེར་སོང་སྟེ། འཛམ་གླིང་གར་སྟེགས་ཀྱི་དཀྱིལ་ལ་ཇེ་ཉེར་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྟེང་གི་དྲང་བདེན་གྱི་སྟོབས་ཤུགས་ཆེར་སྐྱེད་བཞིན་ཡོད།

ཀྲུང་གོ་གུང་ཁྲན་ཏང་གིས་རང་སྟོབས་ཀྱི་འཚོལ་དཔྱོད་ལ་བརྟེན་ནས་མིའི་རིགས་ཀྱི་དཔལ་ཡོན་གྱི་ལམ་རྒྱ་བསྐྱེད། འཛམ་གླིང་ཉེ་རབས་སུ་སླེབས་པ་ནས། དེང་རབས་ཅན་ནི་རྒྱལ་དར་དམངས་ཕྱུག་གི་བགྲོད་ལམ་ཉག་ཅིག་ཡིན་ལ། དར་རྒྱས་རྒྱལ་ཁབ་ཀྱིས་ལོ་བརྒྱ་ཕྲག་དུ་མའི་རིང་ལ་དེང་རབས་ཅན་དུ་བགྲོད་པའི“ནུབ་ལམ”བཏོད་ཀྱང་། དེང་རབས་ཅན་དུ་བགྲོད་པའི་ལམ་ལ་དེ་གཅིག་པུས་ག་ལ་ཚད། རྒྱལ་ཁབ་འདྲ་མིན་གྱིས་སོ་སོའི་གནས་ཚུལ་དང་ལོ་རྒྱུས་རིག་གནས་ལ་གཞིགས་ནས་སྒེར་ཚུགས་ཀྱིས་འཚོལ་དཔྱོད་བྱེད་དགོས། ལོ་ངོ་བརྒྱའི་རིང་ལ། དེང་རབས་ཅན་གྱི་རླབས་རྒྱུན་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་རང་སྟོབས་རང་སྤེལ་དང་འཚོལ་དཔྱོད་ལྷོད་མེད་ཀྱིས། མིའི་དེང་རབས་ཅན་རིན་ཐང་གི་མ་གཞིར་བྱས་ཤིང་། ཡུལ་དུས་ཀྱི་བསྟུངས་པའི་རང་བཞིན་དང་འཕེལ་རྒྱས་ཀྱི་རྒྱུན་མཐུད་རང་བཞིན། སྒྲིག་གཞིའི་ཁྱོན་ཡོངས་རང་བཞིན་དང་གྲུབ་ཆའི་མཐུན་སྦྱོར་རང་བཞིན་བཅས་ཟུང་འབྲེལ་བྱས་ཏེ། རྒྱལ་ཁའི་ངང་ནས་ཀྲུང་གོའི་རྒྱལ་ཚུལ་དང་འཚམ་ཞིང་མི་དམངས་ཀྱི་རེ་འདོད་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་ཕྱེས་ལ། དེང་རབས་ཅན་དུ་བགྲོད་པའི“ཀྲུང་གོའི་པར་གཞི”བྲིས་ནས། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་ཞིག་བཏོད།

ཀྲུང་གོ་གུང་ཁྲན་ཏང་གིས་གནམ་འོག་བསམ་པའི“ལམ་ཆེན”ལ་བརྟེན་ནས་མཛེས་པའི་མ་འོངས་པའི“གཅིག་མཐུན”གྱི་ཁ་ཕྱོགས་བསྟན། དུས་ཚོད་ཀྱི་འཁོར་འགྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་བགྲོད་པ་ནི་མི་ཡུལ་གྱི་བདེན་པའི་ལམ་ཡིན་ལ། ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་ཟིན་ནས་མི་སེམས་ཀྱི་བློ་འཁེལ་བའི་ལམ་རྙེད་ཡོད་པ་སྐྱེ་འགྲོ་ཀུན་ལ་བསྟན་ཡོད། ད་ལྟའི་འཛམ་གླིང་དུ། མིའི་རིགས་ཀྱི་འཕེལ་རྒྱས་དེ་བཞི་མདོ་གསར་པ་ཞིག་ཏུ་སླེབས་ཡོད་པས། འཛམ་གླིང་ཁ་ཕྱོགས་གང་དུ་འགྲོའམ། ཕན་ཚུན་དགྲ་ཟླར་འཛིན་ནམ་ཕན་ཚུན་མཉམ་འབྲེལ་བྱེད། སྒོ་སྡོམ་རྒྱབ་གཏོད་དུ་འདུག་གམ་སྒོ་འབྱེད་བརྗེ་རེས་བྱེད། རང་ཁ་རང་སྐྱིད་བྱེད་དམ་སྐྱིད་སྡུག་མཉམ་མྱོང་བྱེད་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཛམ་གླིང་གི་འགྱུར་ལྡོག”ཡོངས་སུ་རྟོགས་ཏེ། “འཛམ་གླིང་གི་དྲི་བར”ཚན་རིན་དང་མཐུན་པའི་ལན་བཏབ་ཡོད་དེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་དང་མིའི་རིགས་ཡོངས་ཀྱི་གཅིག་མཐུན་རིན་ཐང་དར་སྤེལ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འདོན། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འདོན་སོགས་ཀྱི་དགོངས་པ་དང་བསམ་བློ་གལ་ཆེན་ཁ་གསལ་དུ་བཏོན་ནས། གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཞིང་། མཛེས་པའི་འཛམ་གླིང་མཉམ་དུ་བསྐྲུན་པར་ཀྲུང་གོའི་བློ་གྲོས་བཏོན།

ཀྲུང་ཧྭ་མི་རིགས་ནི“མིའི་རིགས་ཀྱི་དྲང་བདེན་གྱི་བསམ་བློས་ཕྱུག་པའི་མི་རིགས་རླབས་ཆེན”ཞིག་ཡིན་ལ། ཀྲུང་གོ་ནི“མིའི་རིགས་ལ་བྱས་རྗེས་ཅུང་ཆེན་པོ་བཞག་ཡོད་པའི”རྒྱལ་ཁབ་ཅིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི“མིའི་རིགས་ཀྱི་ཡར་སྐྱེད་བྱ་གཞག་ལ་འབད་པའི་སྲིད་ཏང”ཞིག་ཡིན། དུས་སྐབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་ཀུན་ཏུ་རང་ཉིད་འཕེལ་རྒྱས་དང་གནམ་འོག་གི་བདེ་སྡུག་བསམ་པ། འཛམ་གླིང་ལ་བདེ་སྐྱིད་བསྐྲུན་པ། རེ་བའི་ས་བོན་གཏོར་བ་རྒྱུན་འཁྱོངས་བྱས་ཡོད་ལ། མུ་མཐུད་དུ་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་རླབས་ཆེན་ཁྲོད་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ལོ་རྒྱུས་ཀྱི་དུས་སྐབས་བཏོད་པ་དང་། མིའི་རིགས་ཀྱི་དཔལ་ཡོན་དར་འཕེལ་གྱི་མདུན་ཕྱོགས་སུ་སྦྲུམ་པའི་དགེ་ལེགས་ཡོད་ཚོད་ལ་ཧུར་སྐྱོད་བྱེད་ངེས།

(ལྔ།)

“དགྲ་ལས་རྒྱལ་མཁན་ཤུགས་དང་ལྡན། རང་ལས་རྒྱལ་མཁན་སྟོོབས་དང་ལྡན།”ཀྲུང་གོ་གུང་ཁྲན་ཏང་ནི་ལོ་ངོ་བརྒྱའི་ཆར་རླུང་གིས་བརྡེགས་ཀྱང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་ནི་ནམ་ཡང་རང་ཉིད་གསར་བརྗེའི་སྙིང་སྟོབས་དང་རང་ཉིད་གཤག་བཅོས་ཀྱི་དཔའ་སྤོབས་ལྡན་པས་ཡིན་ལ། རྒྱུན་ཆད་མེད་པར་རང་ཉིད་ལེགས་བསྒྱུར་དང་རང་ཉིད་ཐོད་བརྒལ། རང་ཉིད་གསར་བསྒྱུར་བྱས་པས་ཀྱང་ཡིན།

ཧྲི་ཁུའུ་སྒོ་མོ་ནས་གནམ་བདེ་སྒོ་མོ་ཆེ་དང་། གྲུ་ཆུང་དམར་པོ་ནས་རྔམ་བརྗིད་ཆེ་བའི་མཚོ་གྲུ། སྐྱ་ཆག་ཉམ་ངའི་གནས་ནས་ཕུན་ཚོགས་དར་རྒྱས་ཀྱི་དཔལ་བཟང་ཤར་བ། ལྟོ་རྒྱབ་མི་ཁེབས་པ་ནས་ཀྲུང་གོའི་མི་དམངས་དུང་ཕྱུར14ལ་འབྱོར་ཕྱུག་དང་བདེ་སྐྱིད་ཀྱི་འབྱོར་འབྲིང་འཚོ་བ་རོལ་དུ་བཅུག་པའི་བར་སོགས། ནམ་ཡང་ཏང་གི་ལང་ཚོའི་གསོན་ཤུགས་མ་ཉམས་པར། ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་འཁོར་འགྲོས་ལས་ཐོན་ཏེ། ཏང་གི་ངོ་བོ་དང་ཁ་དོག་དང་རོ་བྲོ་མ་འགྱུར་བརྟན་སྲུང་བྱས་ཡོད། དེའི་ནང་གི་གསང་བ་དང་རྒྱུ་རྐྱེན་ནི་ཟབ་མོ་བསམ་རི་ལ་བརྟག་བཟོད་པ་ཞིག་ཡིན།

“སྲིད་གཞུང་ལ་ལྟ་སྐུལ་བྱེད་པའི་དབང་ཆ་མི་དམངས་ལ་སྤྲོད།”ལོ70ཡར་སྔོན་གྱི་ཡན་ཨན་གྱི་གད་ཕུག་ནང་ནས། བློ་མཐུན་མའོ་ཙེ་ཏུང་གིས་ལན་དང་པོ་དེ་བཏོན།

“རང་ཉིད་ལ་གསར་བརྗེ་བྱེད་པའི་དཔའ་སྤོབས་དང་ལྡན་དགོས།”ལོ་ངོ་བརྒྱའི་འཁྲུངས་སྐར་གྱི་ལོ་རྒྱུས་གནད་འགག་གི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལན་གཉིས་པ་དེ་བཏོན།

ཕྱི་ནས་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པར་བརྟེན་ཞིང་། ནང་ནས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་རང་ཉིད་གསར་བརྗེ་ལ་སྐུལ་འདེད་གཏོང་བར་བརྟེན་པས། དེ་ནི་ཀྲུང་གོ་གུང་ཁྲན་ཏང་ལོ་ངོ་བརྒྱའི་རླུང་འཚུབ་བརྒྱུད་ཀྱང་ལང་ཚོ་སྔར་བཞིན་དར་ལ། གནམ་ཟུག་སྡོང་རྒན་དུ་སྐྱེས་ཀྱང་སྐྱེ་སྟོབས་སྔར་བཞིན་ཆེ་བའི་གཞི་རྩའི་རིགས་ལམ་རེད། རྒྱལ་ཁབ་ཕྱི་ནང་གི་ཏང་ཆེན་དང་ཏང་རྙིང་མང་པོའི་དར་རྒུད་ལས། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཡིན་ལ་མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་ཏང་ཡིན་པར་ང་ཚོའི་ངོས་ཟིན་ཅི་བས་གསལ། ཏང་བཙུགས་ཏང་དར་ཏང་རྒྱས་ཀྱི་གཟི་དཔལ་འབར་བའི་བརྒྱུད་རིམ་ལས། རླབས་ཆེ་བའི་རང་ཉིད་གསར་བརྗེ་ཡིས་རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་ཅིང་། རླབས་ཆེ་བའི་སྤྱི་ཚོགས་གསར་བརྗེ་ཡིས་རླབས་ཆེ་བའི་རང་ཉིད་གསར་བརྗེ་ལ་སྐུལ་འདེད་བྱེད་པར་ང་ཚོའི་ཡིད་ཆེས་ཅི་བས་བརྟན།

ཨེན་ཀི་སིས“རང་ཉིད་ཀྱི་དམིགས་འབེན་གསལ་ལ་དམིགས་འབེན་དེ་འགྲུབ་ཐབས་ཀྱང་གསལ་བའི་སྲིད་ཏང་ཞིག་དང་། དམིགས་འབེན་དེ་འགྲུབ་འདོད་ཀྱི་བློ་རྩ་བརྟན་ལ་དམིགས་འབེན་དེ་འགྲུབ་པ་ལ་མེད་དུ་མི་རུང་བའི་འགྱུར་མེད་སྙིང་སྟོབས་མཆིས་པའི་སྲིད་ཏང་ཞིག་ཡིན་ན། སྲིད་ཏང་དེ་ནི་ཕམ་མི་སྲིད་པའི་སྲིད་ཏང་ཞིག་ཡིན”གསུང་།

ལོ་ངོ་བརྒྱའི་སྣོལ་མཚམས་ཀྱི་ལོ་རྒྱུས་ཀྱི་གནད་འགག་དུས་སྐབས་སུ་འགྲེང་སྟེ། སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་གྱི་བརྗིད་ཉམས་ལྡན་པའི་བགྲོད་ལམ་དུ་ཕྱོགས་དུས། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་ནི་སྔར་ལས་སྨིན་ཡོད་ཅིང་སྔར་ལས་འགྱུར་བ་མེད་པ། སྔར་ལས་གདེང་ཚོད་དང་ལྡན། འགྱུར་བ་མེད་པའི་མིག་མདངས་ནམ་ཡང་མདུན་ལ་གཏད་ཅིང་། ཧུར་སྐྱོད་ཀྱི་གོམ་འགྲོས་ལ་ནམ་ཡང་དལ་བ་མེད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག་ཏུ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱས་ཤིང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབས་ཚེ། མདུན་སྐྱོད་བགྲོད་ལམ་སྟེང་གི་དཀའ་ཁག་ཡོད་ཚད་ལས་རྒྱལ་ངེས་ཡིན་ལ། སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་ཐོབ་ངེས་ཡིན། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།