ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ནན་ཧའེ་རུ་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དམ་བཅའ་འཇོག་པའི་མཛད་སྒོར་ལྟ་སྐུལ་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་སྡེ་ཁག་གིས་བསྐོ་འཇོག་བྱས་པའི་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་རྩ་འཛུགས་བྱེད་ཐབས་ཞེས་པ་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐོ་འཇོག་བྱས་པའི་སྡེ་ཁག་དང་ལས་ཁུངས་སོ་ལྔ་ཡི་འགན་འཁུར་བ་ཞེ་ལྔ་ཡིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་བཞག

སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་དུ། རྒྱལ་སྲིད་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའི་འགན་གཅིག་ལྕོགས་སུ་འཁུར་མཁན་ཞའོ་ཅེ་ཡིས། རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་དངོས་སུ་སྤེལ་བ་ཁྱབ་སྒྲོག་བྱས། ལིས་ཁི་ཆང་གིས་དམ་བཅའ་བཞག་རྗེས་ཚང་མས་དམ་ཚིག་བློ་ལ་བརྟན་པོར་ངེས་པར་བྱེད་རྒྱུ་དང་། ལག་ལེན་དང་ཁ་དན་ཚིག་ལ་གནས་པ་བྱེད་དགོས་པའི་རེ་བ་བཏོན། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། རྩ་ཁྲིམས་ལྟར་སྲིད་སྐྱོང་བ་དང་ཁྲིམས་ལྟར་སྲིད་འཛིན་པ་དང་། རང་འགན་ནན་སྒྲུབ་བྱེད་པ། དམངས་ཀྱི་ཆེད་དུ་སྲིད་བརྩོན་བཅས་བྱེད་དགོས།  ཁྲིམས་ལྟར་རང་འགན་གཙང་ལེན་དང་རང་འགུལ་ངང་ཁྲིམས་སྐྱོང་གི་བསམ་པ་དང་བྱེད་སྟངས་སྤྱད་ནས་ཐབས་ཇུས་འདོན་པ་དང་སྲིད་ཇུས་འདོན་པ། དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ་ཁྲིམས་སྐྱོང་གིས་རྩ་བ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ཡག་པོ་བྱེད་དགོས། འགན་འཁུར་ཕོད་པ་དང་དོན་དངོས་གཉེར་དགོས།  ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་ལས་གནས་ཀྱི་གསར་གཏོད་རང་བཞིན་ལ་གཞི་ཚུགས་པར་བྱས་ནས། ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་བསྐྲུན་དགོས། འཕེལ་རྒྱས་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་སྔར་ལས་མངོན་གསལ་དོད་པའི་གནས་སུ་བཞག་ནས། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་གནས་ཚུལ་དངོས་ལ་ཞིབ་རྟོགས་བྱེད་པ་དང་མི་དམངས་ཀྱི་ཁེ་ཕན་ལ་ཕན་འདོགས་གང་ཐུབ་བྱས་ཏེ། མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བྱེད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ནས། འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད་དུ་དམངས་ཚིས་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སྤྱོད་གཙང་སྤྱི་གཞོལ་དང་། གོང་གིས་འོག་ལ་སྣེ་ཁྲིད་བྱེད་པ། རང་གིས་གཞན་གྱི་སྣེ་ཁྲིད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་དབང་ཆ་སྤྱོད་པ་བཅས་ཀྱི་རྩ་དོན་ཐོག་མཐའ་བར་གསུམ་དུ་དམ་པོར་བཟུང་ནས། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ་དང་གཙང་མ་གཙང་རྐྱང་ངང་ལས་དོན་སྒྲུབ་དགོས། ཡར་རྒྱས་བརྩོན་ལེན་བྱེད་པར་སྐུལ་མ་བཏང་ནས་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་པའི་རེ་བ་ནན་མོ་བཏོན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་དང་སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ལིའུ་ཧི་བཅས་དང་། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་ཀྲའོ་ཁི་ཀྲི། རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཐེངས་འདིའི་མཛད་སྒོར་ཞུགས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།