ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་ཀྱི་ཁེ་དབང་ལ་གནོད་སྐྱེལ་བ་དང་དངོས་རྫས་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཡོངས་ཀྱི་ཁེ་དབང་ལ་གནོད་སྐྱེལ་བ་དང་ཚོང་རྫས་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཟླ་བདུན་པའི་ཚེས་ལྔ་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།  མཆན་བཀོད་མཛུབ་སྟོན་ནང་དུ། ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་ནི་ལས་སྐྲུན་གསར་གཏོད་ལ་སྲུང་སྐྱོབ་བྱེད་པ་དང་། ཁེ་དབང་ལ་གནོད་སྐྱེལ་བ་དང་ཚོང་རྫས་རྫུན་མ་བཟོ་བར་རྡུང་རྡེག་གཏོང་རྒྱུ་ནི་མི་དམངས་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བ་ངེས་ཅན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཤེས་བྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཁེ་དབང་ལ་གནོད་སྐྱེལ་བ་དང་ཚོང་རྫས་རྫུན་མ་བཟོ་བའི་ཁྲིམས་འགལ་ནག་ཉེས་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། ཚོང་རའི་དྲང་གཞག་འགྲན་རྩོད་དང་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་ནའང་། ད་དུང་ཡང་དོན་དག་གང་མང་བསྒྲུབ་རྒྱུ་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། ཁྲིམས་སྲོལ་འཛུགས་སྐྲུན་དང་རྡུང་རྡེག་དང་ཁྲིམས་གཅོད་གལ་ཆེན་མཉམ་འཛིན་རྒྱུན་འཁྱོངས་བྱེད་པ། སྤྱི་འདོམས་མཉམ་ལས་ལ་ཤུགས་སྣོན་པ། རིམ་པ་རེ་རེ་བཞིན་འགན་འཁྲི་ནན་དཀྲི་བྱེད་པ། ཤེས་བྱའི་བདག་དབང་ཁྱོན་ཡོངས་ནས་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་ལ་འབད་དགོས།  སྡེ་ཁག་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བ། ས་ཁོངས་ལས་བརྒལ་བ་བཅས་ཀྱི་ཁྲིམས་བསྟར་མཉམ་འགུལ་ལ་སྔར་ལས་སྐུལ་འདེད་གཏོང་བ། སྐབས་བསྟུན་གཉིས་དང་།ཡོངས་བསྒྲགས་གཅིག་གི་ལྟ་སྐུལ་དོ་དམ་དང་ཡིད་རྟོན་ལྟ་སྐུལ་དོ་དམ་སོགས་ཀྱི་བྱེད་ཐབས་ནུས་ལྡན་ངང་སྤྱད་དེ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ངང་བསྐྲུན་པ། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་ལས་འཕེལ་བར་བྱེད་པ་བཅས་བྱས་ནས། ལས་སྐྲུན་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། དམངས་ཚིས་ལ་འགན་ལེན་དང་ཇེ་ལེགས་སུ་གཏོང་ཆེད་ལེགས་སྐྱེས་སྔར་ལས་གང་མང་འབུལ་དགོས་ཟེར།

རྒྱལ་སྲིད་ཨུ་ཡོན། རྒྱལ་ཡོངས་ཀྱི་ཁེ་དབང་ལ་གནོད་སྐྱེལ་བ་དང་ཚོང་རྫས་རྫུན་མ་བཟོ་བར་རྡུང་རྡེག་གཏོང་བའི་ལས་དོན་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཡུང་ཚོགས་འདུར་ཞུགས་ནས་གཏམ་བཤད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།