ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཏེ་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”ཞེས་པའི་རིག་མཛོད་སྨྱན་བྱད་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2022-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ7པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཏེ་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”ཞེས་པའི་རིག་མཛོད་སྨྱན་བྱད་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་ཞུ་ཡིག་སྤྲིངས།

ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་བསྲེས་བྱས་པའི་དབང་གིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་དཀའ་བ་དང་ལྷོ་བྱང་འཕེལ་རྒྱས་ཀྱི་བར་ཐག་སྔར་ལས་ཆེ་རུ་འགྲོ་བ། འཛམ་གླིང་ཧྲིལ་བོ་གཡོ་འགུལ་གྱི་འཕོ་འགྱུར་གསར་བའི་དུས་སྐབས་བཅས་སུ་སླེབས་ཡོད་པས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མིའི་རིགས་ཀྱིས་གདོང་གཏོད་དགོས་པའི་ཞིབ་འཇུག་གི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་བས། ཀྲུང་གོས་གོ་ལ་ཧྲིལ་བོར་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ཞིང་། འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ། མི་དམངས་ལྟེ་བར་འཛིན་པ་དང་། ཀུན་ཕན་བསྟུན་མཁས་དང་གསར་གཏོད་སྐུལ་འདེད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བཅས་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དེ་རྒྱལ་སྤྱིའི་སྔོན་འགྲོའི་གྲོས་རིམ་ནང་འཇོག་པར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་ཡོང་བར་ཇེ་མགྱོགས་སུ་གཏོང་བ། སྔར་ལས་ནུས་ཤུགས་དང་ལྗང་མདོག སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་གསུངས།

“གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཏེ་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང”ཞེས་པའི་རིག་མཛོད་སྨྱན་བྱད་ཀྱི་མཐོ་རིམ་གླེང་སྟེགས་ཉིན་དེར་པེ་ཅིང་དུ་བསྡུས།  ཐེངས་འདིའི་གླེང་སྟེགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་སྒྲུབ་འགན་ཁུར་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།