ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལིའི་འཁྱགས་རོམ་ཉིལ་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་བྱང་རྒྱུད་དུ་གནས་པའི་མའར་མོ་ལ་ཏ་རི་ཁུལ་གྱི་འཁྱགས་རོམ་མཐོན་པོ་ཞིག་ཚེས་གསུམ་ཉིན་ཉིལ་ནས་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། ཉུང་མཐར་ཡང་མི་བཅུ་གཉིས་གར་སོང་ཆ་མེད་དུ་གྱུར།

ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། དོན་རྐྱེན་དེ་ས་གནས་དེ་གའི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཞེ་ལྔའི་གཡས་གཡོན་དུ་བྱུང་བ་དང་། རི་ཟོམ་གྱི་འཁྱགས་རོམ་བརྡིབས་པ་ན། ཆབ་རོམ་དང་ཁངས། རྡོ་ལེབ་བཅས་རིམ་པར་མར་ལྷུང་ནས། རི་ཁུལ་དེ་གའི་རི་འཛེག་པ་མང་པོ་དང་རྐང་ཐང་བ་མང་པོར་ཤུགས་རྐྱེན་ཆེན་པོ་བཟོས།

ས་གནས་དེ་གའི་དཔོན་རིགས་ཀྱིས་འཁྱགས་རོམ་གྱི་རི་ཉིལ་བ་དེས་ཉུང་མཐར་ཡང་མི་བརྒྱད་ལ་རྨས་སྐྱོན་བཟོས་པའི་ཁྲོད་དུ་མི་གཅིག་ལ་རྨས་སྐྱོན་ཆེན་པོ་ཕོག མིག་སྔར་རྨས་མ་ཉེ་འགྲམ་གྱི་སྨན་ཁང་དུ་སྐྱོབ་བཅོས་བྱེད་པར་བསྐྱལ་བ་དང་། འཚོལ་སྐྱོབ་བྱ་སྤྱོད་སྔར་བཞིན་སྤེལ་བཞིན་ཡོད་ཟེར། ས་གནས་དེ་གའི་སྲིད་གཞུང་གིས་ས་ཁུལ་དེར་མུ་མཐུད་རི་ཉིལ་བའི་ཉེན་ཁ་ཡོད་ཅེས་བརྡ་བཏང་འདུག །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།