ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་ཉེར་དགུ་ཉིན་མགོ་འཛིན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་ཀྱིས་ལས་གཞི་ཆེན་པོ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་ཁེལ་བྱས་པ་དང་། ཕན་ཡོད་དངུལ་གཏོང་རྒྱ་སྐྱེད་པ་དང་ལས་ཞུགས་དང་འཛད་སྤྱོད་ལ་སྐུལ་འདེད་བཏང་ལ། བཟོ་སྐྲུན་གཙོ་བོས་ལས་ཞུགས་རོགས་སྐྱོར་བྱེད་པར་བཀོད་སྒྲིག་བྱས་པ་དང་། ལས་ཞུགས་ལས་རྐང་རྒྱ་སྐྱེད་དེ། ཞིང་བ་ཞོར་ལས་པ་སོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས་པ་དང་། ཆུ་ཚད་མཐོ་བའི་སྨན་ཁང་གི་ནད་ཐོག་སྨན་བཅོས་ཞིབ་འཇུག་དང་གྲུབ་འབྲས་བསྒྱུར་བའི་ནུས་པ་མཐོར་འདེགས་གཏོང་བའི་ཚོད་ལྟ་སྤེལ་ནས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་རྒྱུ་གཏན་ཁེལ་བྱས།

གྲོས་ཚོགས་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། གཏན་འཇགས་བདེ་ཐང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ། གྲུབ་ཚུལ་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཡོ་བྱད་བཀོལ་སྤྱོད་བཟང་བོ་བྱེད་པ། དངུལ་རྩའི་ཞབས་ཞུའི་དངོས་ཕུང་དཔལ་འབྱོར་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དཔལ་འབྱོར་གྱི་གཞི་རྩ་ཇེ་བརྟན་དུ་གཏོང་བ་དང་ལས་ཞུགས་གཏན་འཇགས་སུ་གཏོང་བ་དང་དམངས་ཚིས་འགན་སྲུང་བྱེད་པའི་ཐད་རོགས་འདེགས་བྱེད་དགོས། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་བརྒྱུད་དེ་ལས་གཞི་ཆེན་པོའི་དངུལ་བསྲེས་རྒྱབ་སྐྱོར་བྱེད་ཤུགས་ཆེར་སྐྱེད་ན། དངུལ་ལོར་ཚད་བརྒལ་མི་བྱེད་པའི་ཆ་རྐྱེན་འོག་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པར་ཕན་པ་ཡོད་པ་དང་། དངུལ་ལོར་སྲིད་ཇུས་བརྒྱུད་ཁྲིད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དངུལ་གཏོང་རྒྱ་སྐྱེད་པ་དང་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ཕན་འབྲས་མངོན་འགྱུར་བྱེད་དགོས། ཚོགས་ཐོག་ནས། སྲིད་ཇུས་རང་བཞིན་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་བཀོལ་སྤྱོད་བྱེད་པ་དང་། དངུལ་རྩྭའི་བུ་ལོན་འགྲེམ་སྤེལ་བྱས་པ་བརྒྱུད་དེ་མ་དངུལ་སྒོར་ཁྲག་ཁྲིག་གསུམ་གྲབས་གསོག་བྱས་ཏེ། ལས་གཞི་ཆེན་པོའི་མ་རྩའི་དངུལ་ཁ་གསབ་བྱེད་པའི་ཐད་བཀོལ་རྒྱུའི་ཐག་བཅད། ཀྲུང་དབྱང་ནོར་སྲིད་ཀྱིས་འོས་འཚམ་སྒོས་སྐྱེད་ཀ་སྤྲོད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།