སློབ་གསོ་པུའུ་ཡིས་དབྱར་གནང་རིང་སློབ་ཕྱིའི་གསོ་སྦྱོང་ལ་བཅོས་སྒྲིག་བྱེད་པར་བཀོད་སྒྲིག་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་ཡིས་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་དབྱར་གནང་རིང་སློབ་ཕྱིའི་གསོ་སྦྱོང་བཅོས་སྒྲིག་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པར་བཀོད་སྒྲིག་བྱས་པ་དང་། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ་དབྱར་གནང་རིང་སློབ་ཕྱིའི་གསོ་སྦྱོང་བཅོས་སྒྲིག་ཐད་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱེད་པ་དང་ལས་ཀའི་ཇུས་གཞི་བཟོ་བ། ལས་འགན་དང་བྱེད་ཐབས་ཁ་གསལ་བཟོ་བ། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། ས་གནས་ཁག་གིས་ཞིབ་བཤེར་སྐོར་ཞིབ་ལ་ཤུགས་བསྣན་ཏེ། དབྱར་གནང་རིང“ཉིན་བཤེར+མཚན་བཤེར”དང“མཉམ་བཤེར+འཐེན་བཤེར”སོགས་ཀྱི་བྱེད་ཐབས་སྤྱད་དེ། རིག་ཚན་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིའི་མངོན་མེད་གཞན་འགྱུར་གྱི་སྒྲིག་འགལ་ངང་འཛིན་གྲྭ་གཉེར་བ་དང་། ལོ་3ནས6བར་གྱི་སློབ་ལོ་མ་ལོན་པའི་བྱིས་པའི་གསོ་སྦྱོང་སྒྲིག་གཞིས་སྒྲིག་འགལ་ངང་རིག་ཚན་རིགས་ཀྱི་གསོ་སྦྱོང་སྤེལ་བ། རིག་ཚན་མིན་པའི་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིས་ཁྱབ་ཁོངས་ལས་བརྒལ་ཏེ་རིག་ཚན་རིགས་ཀྱི་གསོ་སྦྱོང་སྤེལ་བ་སོགས་ཀྱི་གནད་དོན་ནན་འགོག་བྱེད་དགོས། དྲ་ཐོག་རིག་ཚན་རིགས་ཀྱི་གསོ་སྦྱོང་སྒྲིག་གཞིར་ལྟ་སྐུལ་དོ་དམ་གྱི་ཁྱབ་རྒྱ་རྒྱུན་མཐུད་དུ་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་དང་དེ་བཞིན་སློབ་མར་གནོད་འཚེ་བཟོ་བའི་གྱོད་གཞི་ནན་འགོག་བྱས་ཏེ། གསོ་སྦྱོང་སྒྲིག་གཞིས་དབྱར་གནང་སྔོན་ལ་ཉུང་མཐར་ཡང་བདེ་འཇགས་རང་བཤེར་ཐེངས་གཅིག་བྱེད་དགོས་པར་ནན་གྱིས་བསྟན།

གཞན་ཡང་། སློབ་གསོ་པུའུ་ཡིས《2022ལོའི་སློབ་གྲྭ་ཆུང་འབྲིང་གི་དབྱར་གནང་གི་འབྲེལ་ཡོད་ལས་དོན་ཡག་པོར་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ནས། དབྱར་གནང་རིང་ཐུན་མོང་ཐོག་གསབ་ཁྲིད་བྱེད་པ་དང་སློབ་ཚན་གསར་པ་ཁྲིད་པའམ་ཡང་ན་སྔ་སྣུར་དུ་སློབ་མགོ་རྩོམ་པ་གཏན་འགོག་བྱས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།