ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་ཡིག་ཆ་བཀྲམ་ནས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་དབྱར་གནང་གི་ཡིག་ངོས་ལས་བྱ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས27ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གསོ་པུའུ་གཞུང་ལས་ཐིང་གིས་ཉེ་ཆར《2022ལོའི་སློབ་གྲུ་ཆུང་འབྲིང་གི་དབྱར་གནང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་བརྡ་ཐོ》བཀྲམ་ནས། ས་གནས་ཁག་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་གིས་སློབ་གྲྭས་སློབ་མའི་དབྱར་གནང་གི་སློབ་སྦྱོང་དང་འཚོ་བ་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། དབྱར་གནང་གི་ཡིག་ངོས་ལས་བྱ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་སྒོས་བཀོད་སྒྲིག་བྱེད་པ་དང་། དབྱར་གསེང་གི་ཡིག་ངོས་ལས་བྱའི་སྤྱི་འབོར་ལ་ཚོད་འཛིན་ནན་མོ་བྱས་ཏེ། ཞིབ་དཔྱད་རང་བཞིན་དང་ལག་ལེན་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱེད་པར་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་། སློབ་གྲྭས་སློབ་མ་ཚོར་སློབ་སྦྱོང་སྲ་བརྟན་གྱི་འཆར་གཞི་བཟོ་བར་མཛུབ་ཁྲིད་བྱེད་དགོས་པ་དང་འབྲེལ་རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་བློ་རིག་སློབ་གསོའི་ལས་སྟེགས་དང་ས་གནས་ཀྱི་ལས་སྟེགས་ཀྱི་སྤུས་ལེགས་སློབ་ཚན་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ། བསྐྱར་སྦྱོང་དང་སྲ་བརྟན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཤེས་བྱར་སློབ་སྦྱོང་ཏན་ཏིག་བྱེད་དགོས། དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གནས་ཚུལ་ལ་དམིགས་ནས་དྲ་ཐོག་ནས་དོགས་གནད་དྲིས་ཏེ་མཛུབ་ཁྲིད་དང་རོགས་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པར་བསྟན་ཡོད།

བརྡ་ཐོ་ལྟར་ན། ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་ཆ་རྐྱེན་ཡོད་པའི་སློབ་གྲྭར་མུ་མཐུད་དབྱར་གནང་གི་མངགས་བཅོལ་ཞབས་ཞུ་ཧུར་ཐག་གིས་སྤེལ་བ་དང་། དགེ་རྒན་དང་བླངས་ཞབས་ཞུའི་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས་པ་མ་ཟད། ཁྱིམ་བདག་དང་སློབ་མས་རང་མོས་ངང་གདམ་ག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

བརྡ་ཐོའི་ནང་། ས་གནས་ཁག་གིས་སྟོན་དུས་སློབ་མགོ་ཚུགས་པའི་ལས་དོན་ལ་འཆར་འགོད་ཧུར་ཐག་བྱས་ཏེ། དབྱར་གནང་གི་བདེ་འཇགས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སློབ་སྐབས་གསར་པའི་སློབ་མགོ་ཚུགས་པའི་སློབ་གསོ་དང་སློབ་ཁྲིད་བཀོད་སྒྲིག་སོགས་ལས་དོན་ལེགས་པོར་བསྒྲུབས་ནས། སྟོན་དུས་སློབ་སྐབས་བདེ་བླག་དང་གོ་རིམ་ལྡན་པའི་ངང་སློབ་མགོ་ཚུགས་པར་འགན་ལེན་བྱེད་དགོས། ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་སྟོན་དུས་སློབ་དུས་སློབ་མགོ་ཚུགས་པའི་དུས་ཚོད་ལུགས་མཐུན་ངང་གཏན་འཁེལ་བྱེད་པ་དང་། ས་ཁུལ་དང་སློབ་གྲྭ་ཁག་གཅིག་གིས་དབྱར་གནང་རིང་ཐུན་མོང་ཐོག་གསབ་ཁྲིད་བྱེད་པ་དང་སློབ་ཚན་གསར་པ་འཁྲིད་པའམ་ཡང་ན་སྔ་སྣུར་དུ་སློབ་མགོ་འཛུགས་པ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།