ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། ཞོད་འགོག་གནོད་སེལ་བྱ་བ་མུ་མཐུད་དུ་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་པར་བཀོད་སྒྲིག་བྱས་ཤིང་། འབྲུ་རིགས་ཐོན་སྐྱེད་ཀྱི་བརྟན་འཇགས་བྱ་བའི་ཡར་ཞུ་ལ་ཉན་ཏེ། ལོ་ཧྲིལ་བོར་འབྲུ་རིགས་ཐད་ནས་ལོ་ལེགས་འབྱུང་བར་འགན་སྲུང་བྱེད་པའི་བྱེད་ཐབས་བཀོད་སྒྲིག་བྱས་པ་དང་། རླངས་འཁོར་འཛད་སྤྱོད་ལ་རྒྱབ་སྐྱོར་ཆེན་པོ་བྱེད་པའི་སྲིད་ཇུས་གཏན་འཁེལ་བྱས་ལ། རང་བྱུང་ཚན་རིག་ཐེབས་རྩའི་རོགས་དངུལ་མ་ལག་འཐུས་ཚང་དུ་གཏོང་བའི་བྱེད་ཐབས་གཏན་འཁེལ་བྱས།

གྲོས་ཚོགས་ནས་བསྟན་དོན། ཉེ་ལམ་ལྷོ་ཕྱོགས་ཀྱི་ས་ཁུལ་མང་ཤོས་སུ་བསྟུད་མར་ཆར་བ་ཆེན་པོ་བབས་ནས་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ཐད་ལ་གནོད་པ་ཚབས་ཆེན་བཟོ་བཞིན་ཡོད་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དངོས་འབེབས་གང་ལེགས་བྱས་ཏེ། ཞོད་འགོག་གནོད་སེལ་འགན་འཁྲིའི་ནུས་པ་ཇེ་ཆེར་གཏོང་བ་དང་། ཉེན་ཁའི་སྔོན་བརྡ་གཏོང་བ་དང་འཕྲུལ་བསྟུན་བྱེད་ཐབས་སྤྱོད་པའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་སྲུང་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་རྙོག་འཛིང་ཆེ་བ་དང་དངོས་གོང་གང་འདོད་དུ་འཕར་བའི་རྒྱལ་སྤྱིའི་ཁོར་ཡུག་གི་འོག་ཏུ། ངེས་པར་དུ་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་དགོས། དངོས་གོང་བརྟན་འཇགས་ཡིན་པ་དེ་དཔལ་འབྱོར་རྨང་གཞི་བརྟན་པོ་ཡོང་བར་འབྲེལ་བ་ཆེན་པོ་ཡོད་པས། འབྲུ་རིགས་ཀྱི་ཐོན་ཚད་དང་འཕར་ཚད་བརྟན་འཇགས་ཡིན་པ་དེ་དངོས་གོང་བརྟན་འཇགས་དང་འབྲུ་རིགས་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་བའི་གནད་འགག་གི་བྱེད་ཐབས་ཡིན་པ་དང་། འཛམ་གླིང་གི་འབྲུ་རིགས་ཚོང་ར་བརྟན་འཇགས་ཡོང་བར་ཕན་པ་ཡོད།

གྲོས་ཚོགས་ནས་བསྟན་དོན། འཛད་སྤྱོད་ནི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་ཆེན་པོ་ཡིན་པ་དང་། དེང་སྐབས་དཔལ་འབྱོར་འཁོར་སྤྱོད་ཡང་དག་པའི་བགྲོད་ལམ་དུ་ཞུགས་པའི་ཤུགས་འདོན་ས་གཙོ་བོ་ཡིན་པས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་གཏན་འཁེལ་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་རྨང་གཞིའི་ཞིབ་འཇུག་སོགས་ཀྱི་ཐད་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། ཁེ་ལས་ནང་འདྲེན་བྱས་ནས་མཐུན་སྦྱོར་ཞིབ་འཇུག་བྱེད་པ་དང་། རྒྱལ་སྤྱིའི་ཚན་ཞིབ་མཉམ་ལས་རྒྱ་བསྐྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།