སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིང་ནས་གྲོལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་ཉེར་གཉིས་ཉིན། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིང་ནས་གྲོལ། གྲོས་ཚོགས་ནས་ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་བརྗོད་དོན་གཙོ་བོ་བྱས་ནས་གྲོས་མོལ་སྲིད་གླེང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་མཇུག་སྒྲིལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གཏམ་བཤད།

ཝང་དབྱང་གིས་བསྟན་དོན། ལྗང་མདོག་ཐཱན་ཉུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོ་གསལ་བོར་རྟོགས་པར་བྱེད་པ་དང་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་བྱེད་པའི་ཐུན་མོང་གི་མཚོན་བྱེད་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཆེན་པོ་དང་ཤུགས་ཚད་ཆེན་པོ། ཕན་འབྲས་ཆེན་པོ་སྔར་བྱུང་མ་མྱོང་བ་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་ལོ་རྒྱུས་རང་བཞིན་དང་དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་གི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་པ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་རྒྱལ་ཁབ་ཆེན་པོའི་ཁག་ཁུར་གང་ལེགས་སྒོས་མཚོན་པར་བྱས་ཡོད།

གྲོས་ཚོགས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པར་བཀོད་སྒྲིག་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།